རྒྱ་གར་གྱི་ནད་པའི་ཁ་གྲངས་ས་ཡ་༣.༡ བརྒལ་བ། 

རྒྱ་གར་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ན་བའི་ནད་པ་ས་ཡ་༣ བརྒལ་ཞིང་། རྐྱེན་ལམ་དུ་ཕྱིན་པའི་ཁ་གྲངས་ཁྲི་༦ ཟིན་ལ་ཉེ་འདུག 

ཉེ་བའི་བདུན་ཕྲག་གཅིག་མ་ཟིན་ཙམ་གྱི་རིང་ལ་རྒྱ་གར་དུ་ཉིན་རེར་ནད་པ་ཁྲི་༦ ལྷག་བྱུང་ནས་ནད་པའི་ཁྱོན་བསྡོམས་གྲངས་འབོར་དེ་ས་ཡ་༣ བརྒལ་བ་དང་། འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་དེ་ཁྲི་༦ ལ་ཉེ་བ་ཐོན་འདུག  

ནད་ཡམས་ཁྱབ་གདལ་ཆེ་ཤོས་བྱུང་སའི་རྒྱ་གར་གྱི་གྲོང་ཁྱེར་གཉིས་ཏེ། ལྡི་ལི་དང་མུམ་བྷེ་(Mumbai)གཉིས་སུ་ད་ལྟའི་ཆར་ནད་པ་གསར་པའི་འཕར་ཚད་ཉུང་དུ་འགྲོ་བཞིན་ཡོད་ན་ཡང་། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་བྷེ་ཧར་(Bihar)དང་། ཨུ་དྷར་པར་དྷ་ཤི་(Uttar Pradesh)གཉིས་ཀྱི་གྲོང་གསེབ་ས་ཁུལ་ཁག་དང་། དེ་བཞིན་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁཱ་ན་ཊ་(Karnataka)དང་། ཏཱ་མི་ན་དྷུ་(Tamil Nadu)སོགས་ཀྱི་ནང་དུ་ནད་པའི་གྲངས་ཚད་ཤུགས་ཆེན་འཕར་བཞིན་ཡོད་འདུག 

ནད་ཡམས་གྲོང་ཁྱེར་ནས་གྲོང་རྡལ་དང་། གྲོང་གསེབ་ཏུ་ཁྱབ་བཞིན་པའི་གནད་དོན་ཐད་ལ། ཨལ་ཇེ་ཛི་རཱ་གསར་ཁང་(Al Jazeera)གི་གསར་འགོད་པ་ཨེ་ལ་སི་བྷ་ཐི-ཕུ་རན་(Elizabeth Puranam)གྱིས་བརྗོད་དོན། “ང་ཚོས་ནད་འབུ་ལྡི་ལི་དང་། མུམ་བྷེ། ཆིན་ནཱ་ལྟ་བུའི་གྲོང་ཁྱེར་ཆེན་པོ་དག་ནས་གྲོང་གསེབ་ཀྱི་ས་ཁུལ་ཁག་ཏུ་ཁྱབ་བཞིན་པ་མཐོང་བ་དང་། དེ་ནི་སེམས་འཚབ་སྐྱེ་དགོས་པ་ཞིག་རེད། རྒྱུ་མཚན་ནི་ནད་འབུ་དེ་སྨན་བཅོས་མཐུན་རྐྱེན་ལེགས་ཤོས་ཡོད་སའི་གྲོང་ཁྱེར་དག་ནས་སྨན་བཅོས་མཐུན་རྐྱེན་ལམ་ལུགས་ཤིན་ཏུ་ཞན་པའི་གྲོང་གསེབ་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད།”

ད་ལྟ་རྒྱ་གར་ནི་འཛམ་གླིང་སྟེང་གི་ནད་པ་མང་ཤོས་གསུམ་པ་ཆགས་ཡོད་དེ། ཨ་རི་དང་བྷི་ཟིལ་(Brazil)གཉིས་ཀྱི་རྗེས་སུ་ཡོད་ལ། འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་དེའང་འཛམ་གླིང་སྟེང་གི་ཨང་བཞི་པར་ཐོན་ཡོད་འདུག 

རྒྱ་གར་གྱི་མི་མང་ས་ཡ་༦༠༠ ལ་ཉེ་བ་ཞིག་གྲོང་གསེབ་ཀྱི་ས་ཁུལ་ཁག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་ནད་ཡམས་མྱུར་བར་གྲོང་ཁྱེར་ནས་གྲོང་གསེབ་ཏུ་ཁྱབ་བཞིན་ཡོད་སྟབས། འཕྲོད་བསྟེན་ཆེད་ལས་མི་སྣ་ཚོས་གྲོང་གསེབ་ཁག་ཏུ་སྨན་ཁང་གིས་མི་འདང་བའི་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག་པ་མ་ཟད། བརྟག་དཔྱད་ཀྱི་ཚད་གཞི་དམའ་བར་བརྟེན་ནས་ནད་འབུའི་ཁྱབ་རྒྱུན་དེེད་ནས་བཀག་འགོག་བྱེད་རྒྱུ་དེ་ཤིན་ཏུ་ཁག་པོ་ཆགས་ཡོད་འདུག 

ཝུའུ་ཝན་ཏོག་དབྱིབས་ནད་ཡམས་སམ་ཡོངས་གྲགས་སུ་“Covid-19”ཞེས་པའི་ནད་ཡམས་འདི་ཕྱི་ལོ་ ༢༠༡༩ ཡི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཝན་དུ་ཐོག་མར་བྱུང་སྐབས། རྒྱ་ནག་གཞུང་གིས་ནད་པ་ཟུར་འཇོག་དང་། ནད་འབུ་བཀག་འགོག་བྱེད་རྒྱུའི་ཚབ་ཏུ་ནད་འབུ་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་སྐོར་ཕྱིར་བསྒྲགས་བྱེད་མཁན་གྱི་སྨན་པ་དང་། གསར་འགོད་པ་རྣམས་དཀྲོག་གཏམ་སྤེལ་མཁན་གྱི་མིང་ཐོག་ནས་འཛིན་བཟུང་དང་བཙོན་འཇུག་སོགས་བྱས་པར་བརྟེན། ད་ལྟ་ནད་ཡམས་དེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་ནས་ནད་པ་ས་ཡ་༢༣ ལྷག་བྱུང་བ་ལས། མི་འབུམ་༩ མ་ཟིན་ཙམ་ཤི་ཟིན་པ་མ་ཟད། ཉིན་རེ་བཞིན་ནད་ཡམས་ཀྱི་ཁྱབ་ཚད་ཇེ་ཆེ་དང་། ནད་པའི་ཁ་གྲངས་ཇེ་མང་དུ་འགྱུར་བཞིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།