རྒྱ་གར་གྱི་ནད་པའི་ཁ་གྲངས་ས་ཡ་ ༢ བརྒལ་བ།

རྒྱ་གར་དུ་འདས་པའི་ཆུ་ཚོད་ ༢༤ ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་ ༦༢,༥༣༨ འཕར་ནས་ནད་པའི་ཁྱོན་བསྡོམས་གྲངས་འབོར་དེ་ས་ཡ་ ༢ བརྒལ་བ་བྱུང་འདུག
ད་བར་འཛམ་གླིང་ནང་ནད་པ་ས་ཡ་ ༢ བརྒལ་བ་ཡོད་པའི་རྒྱལ་ཁབ་ཨ་རི་དང་། བྷེ་ཟིལ་གཉིས་མ་གཏོགས་བྱུང་མེད་པས། ཨ་ཤིའི་ཡའི་གླིང་ཆེན་གྱི་ནད་པ་མང་ཤོས་ལྡན་པའི་རྒྱ་གར་ད་ལྟ་ནད་པ་ས་ཡ་ ༢ ལྷག་ཡོད་པའི་རྒྱལ་ཁབ་གསུམ་པ་དེ་ཆགས་ཡོད་འདུག
ད་ལྟའི་ཆར་ནད་ཡམས་དེ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཙམ་མ་ཡིན་པར་གྲོང་རྡལ་དང་གྲོང་གསེབ་ཏུ་ཁྱབ་གདལ་འགྲོ་བཞིན་པའི་སྒང་ཡིན་སྟབས། ཆེད་ལས་མི་སྣ་ཚོས་རྒྱ་གར་དུ་ནད་ཡམས་ཁྱབ་གདལ་གྱི་ཚད་གཞི་མཐོ་ཤོས་སུ་བསླེབ་པར་ད་དུང་ཡང་ཟླ་བ་འགའ་དགོས་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ཅིང་། དེ་ལ་བརྟེན་ནས་ད་ལྟ་ནས་དཀའ་ངལ་གྱིས་མནར་བའི་རྒྱ་གར་གྱི་འཕྲོད་བསྟེན་དང་སྨན་བཅོས་ལྟ་སྐྱོང་ལམ་ལུགས་ལ་གནོན་ཤུགས་འཕར་མ་ཞིག་འཕྲད་རྒྱུ་ཡིན་འདུག
མི་འབོར་ཐེར་འབུམ་ ༡.༣ ལྡན་པའི་རྒྱ་གར་དུ་ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ནས་བཟུང་ཉིན་རེའི་ནད་པའི་འཕར་ཚད་དེ་ཁྲི་ ༥ ཙམ་ཡིན་ན་ཡང་། ཆེས་ལས་མི་སྣ་ཚོས་རྒྱ་གར་དུ་བརྟག་དཔྱད་ཀྱིས་ཚད་གཞིས་མི་འདང་ཚུལ་བརྗོད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ཤི་བའི་ཁ་གྲངས་དེ་ལྟོས་བཅས་ཀྱིས་མཐའ་ན་ཡང་། བརྟག་དཔྱད་ཟིན་པའི་ནད་པ་ཤི་བ་རྣམས་ཀྱི་ཁ་གྲངས་ཁོ་ན་བརྩི་ཡི་ཡོད་པས། ཤི་བའི་གྲངས་ཚད་ལའང་ཡིད་རྟོན་མི་ཐུབ་སྐོར་བཤད་འདུག
འདི་ལོའི་ཕྱི་ཟླ་ ༣ པ་ཙམ་ནས་རྒྱ་གར་དུ་ནད་ཡམས་ཐོག་མར་ཁྱབ་པའི་སྐབས། སྲིད་བློན་མོ་དྷིས་གློ་བུར་དུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་དང་། ཉེན་རྟོག་པ་ཚོས་བཀའ་རྒྱ་ལས་འགལ་མཁན་ཚོར་ཉེས་རྡུང་གཏོང་བ་དང་། ཁྲིམས་ཆད་གཅོད་པ་སོགས་བྱས་ནས་སྟངས་འཛིན་དང་དམ་དྲག་ཆེན་པོ་བྱས་ཡོད། འོན་ཀྱང་། ད་ལྟ་རྒྱ་གར་གྱི་ས་ཁུལ་དང་མངའ་སྡེ་ཕལ་ཆེ་བ་ལ་ནད་ཡམས་ཀྱིས་ཁྱབ་ཟིན་པ་མ་ཟད། ཉིན་རེའི་ནད་པའི་གྲངས་ཚད་དེ་ཁྲི་ ༥ ལྷག་ཟིན་ནས་ཤིན་ཏུ་ཛ་དྲག་ཏུ་གྱུར་རུང་། མི་མང་ཚོའི་ནད་ཡམས་ཀྱི་འཇིགས་སྣང་ཞི་བ་དང་། ཉེན་རྟོག་པའི་སྟངས་འཛིན་ལྷོད་དུ་ཕྱིན་ནས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཕལ་ཆེར་རྒྱུན་ལྡན་དུ་འགྱུར་བཞིན་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།