རྒྱ་གར་གྱི་ནད་པའི་གྲངས་ཚད་ཤུགས་ཆེན་འཕར་ནས་ཨང་རིམ་བཞི་པར་ཐོན་འདུག

རྒྱ་གར་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་ཡང་དུ་བཏང་རྗེས། རྒྱ་གར་གྱི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པའི་གྲངས་ཚད་དེ་དབྱིན་ཇི་ལས་བརྒལ་ནས་༢༩༧,༥༣༥ ལ་ཐོན་པས། འཛམ་གླིང་ནང་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་ཨང་བཞི་པར་གྱུར་འདུག་པ་དང་། ད་ལྟའི་ཆར་རྒྱ་གར་ལས་ནད་པ་མང་བའི་རྒྱལ་ཁབ་གསུམ་པོ་ནི་ཨ་རི་དང་། བྷིར་ཟིལ། རཱ་ཤི་ཡ་བཅས་ཆགས་ཡོད་འདུག རྒྱ་གར་འཕྲོད་བསྟེན་ལས་ཁུངས་ནས་བརྗོད་པ་ལྟར་ན། རེས་གཟའ་ཕུར་བུ་ནས་པ་སངས་བར་གྱི་ཉིན་ཞག་གཅིག་ནང་ནད་པ་༡༠,༩༥༦ འཕར་བ་དང་། རྒྱ་གར་དུ་ད་བར་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཚད་དེ་༨,༤༩༨ ལ་ཐོན་ཡོད་འདུག 

རྒྱ་གར་གཞུང་གིས་ཕྱི་ཟླ་༣ ནང་བཞག་པའི་ཟླ་ངོ་གཉིས་ཀྱི་ཁྱིམ་སྡོད་བཀའ་རྒྱ་དེ་ལ་བརྟེན་ནས་ནད་པའི་གྲངས་ཚད་ལྟོས་བཅས་ཀྱིས་ཉུང་བ་བྱུང་ཡོད་ན་ཡང་། ཉེ་བའི་བདུན་ཕྲག་འགའི་ནང་བཀའ་རྒྱ་ཡང་དུ་བཏང་བ་ནས་བཟུང་ནད་པའི་གྲངས་ཚད་ལྡབ་ལོགས་ཀྱིས་འཕར་སྟབས། འབྲེལ་ཡོད་འགོ་ཁྲིད་ཚོས་ནད་ཡམས་བཀག་འགོག་གི་ཆེད་དུ་ལས་དོན་ཏག་ཏག་ཅིག་བསྒྲུབས་ཡོད་མེད་དོགས་སློང་བྱེད་ཀྱིན་ཡོད་འདུག 

རྒྱ་གར་གཞུང་གིས་ཟླ་འདིའི་འགོ་སྟོད་ལ་སྤྱི་ཡོངས་ནས་ཁྱིམ་སྡོད་བཀའ་རྒྱ་ཡང་དུ་གཏོང་འགོ་བརྩམས་ན་ཡང་། རྒྱལ་ས་ལྡི་ལི་ལྟ་བུའི་ཉེན་ཁ་ཆེ་སའི་ས་ཁུལ་ཁག་ཏུ་ད་དུང་ཡང་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད།

རྒྱ་གར་རྒྱལ་ཡོངས་སུ་ས་འོག་ལྕགས་ལམ་དང་། སློབ་གྲྭ། གློག་བརྙན་ཁང་། མཐོ་སློབ་བཅས་ད་དུང་ཡང་སྒོ་འབྱེད་མི་ཆོག་པར་གནས་ཡོད་ན་ཡང་། ཚོང་ཁང་དང་། ཁྲོམ་ར། བཟོ་གྲྭ། ལྷ་ཁང་སོགས་ཀྱི་སྒོ་འབྱེད་ཆོག་པ་བཟོས་པའི་རྗེས་སུ།  ནད་པའི་འཕར་ཚད་ཧ་ཅང་མགྱོགས་སུ་འགྲོ་བའི་འགོ་བརྩམས་ཡོད་འདུག 

རྒྱ་གར་དུ་ནད་པའི་གྲངས་ཚད་མགྱོགས་མྱུར་འཕར་བཞིན་ཡོད་སྟབས། ནད་པ་ཚོར་དམིགས་བཀར་སྨན་ཁང་དུ་ཉལ་ཁྲི་མི་རག་པའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་ཡོད་འདུག་སྟེ། སྨན་ཁང་ཆེས་མང་སའི་རྒྱལ་ས་ལྡི་ལིའི་ནང་དུའང་བུད་མེད་སྦྲུམ་མ་ཞིག་སྨན་ཁང་མ་རག་པར་རྐྱེན་ལམ་དུ་ཕྱིན་པ་དེ་ནི། རྒྱ་གར་རྒྱལ་ཁབ་ལ་ནད་པ་གསར་པ་ཤུགས་ཆེར་འཕར་བཞིན་པའི་ཆག་སྒོ་ཟློག་པའི་ནུས་པ་བྲལ་བའི་མཚོན་རྟགས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོད་འདུག 

ནད་ཡམས་ཀྱི་གནོད་འཚེ་ཆེ་ཤོས་ཕོག་སའི་མོམ་བྷེ་གྲོང་ཁྱེར་དུ་ད་བར་ནད་པ་༥༤,༠༠༠ ལྷག་བྱུང་འདུག་པ་དང་། སྨན་ཁང་དུ་ནད་པ་ཆུ་ལོག་བཞུར་བ་ལྟར་ཡོང་ནས་སྨན་པ་དང་སྨན་ཁང་མི་འདང་བའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱིན་ཡོད་འདུག

ཛ་དྲག་གི་གནས་སྟངས་དེ་དང་འབྲེལ་བའི་ཐད་ལ་མངའ་སྡེ་དེ་གའི་སྨན་པ་ཚོགས་པའི་དྲུང་ཆེ་ཨ་ཤཱི་ཤ་-ཁ་རན་ཌ་(Ashish Karande)ཡིས་བརྗོད་དོན། “ནད་པའི་གྲངས་ཁ་ཉིན་ལྟར་འཕར་བཞིན་འདུག གནས་སྟངས་འདི་ལ་གདོང་ལེན་བྱེད་ཆེད་ང་ཚོས་ལས་མི་མ་འདང་བའི་ངང་ལས་ཡུན་ལས་རིང་བར་ལས་ཀ་བྱེད་ཀྱི་ཡོད།”

འཛམ་གླིང་གི་མི་འབོར་ཨང་གཉིས་པར་ཐོན་པའི་རྒྱལ་ཁབ་འདི་ནང་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ཐོག་མ་དེ་ཟླ་བ་བཞི་ལྷག་གི་སྔོན་ཏེ། ཕྱི་ཟླ་༡ ཚེས་༣༠ ཉིན་བྱུང་ཞིང་། དེ་ནས་ཕྱི་ཟླ་༥ ཚེས་༡༨ ཉིན་ནད་པ་འབུམ་༡ ཟིན་པར་ཉིན་གྲགས་༡༠༠ ལྷག་འགོར། ཡིན་ན་ཡང་། དེའི་རྗེས་སླར་ཡང་འབུམ་གཅིག་འཕར་བར་བདུན་ཕྲག་གཉིས་ཙམ་འགོར་བ་དང་། ད་ལྟ་ཉིན་རེར་ནད་པ་ཁྲི་ལྷག་འཕར་སྣོན་འབྱུང་བཞིན་པའི་སྒང་ཡིན།

གོ་ལ་ཁྱོན་དུ་མི་མང་ས་ཡ་༧.༥ ལྷག་ལ་ནད་ཡམས་འདི་འགོས་ཟིན་པའི་ཐོག ནད་པ་༤༢༠, ༠༠༠ ལས་མང་བ་ཞིག་གི་ཚེ་སྲོག་ཤོར་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།