རྒྱ་གར་གྱི་བརྡ་རྟགས་ཚད་རིམ་༥ པའི་ཚོད་ལྟ་ནང་རྒྱ་ནག་གི་ཚོང་ལས་ཁང་བཅུག་མི་འདུག

ཨ་རི་དང་དབྱིན་ཡུལ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གི་འཕྲུལ་ཆས་ལ་དོག་སྣང་བྱས་ཏེ་རྒྱ་སྐྱེད་བཀག་འགོག་བྱེད་བཞིན་པ་ལྟར། རྒྱ་གར་གཞུང་གིས་ཀྱང་ལམ་དེ་རུ་འགྲོ་སྲིད་པའི་རྣམ་པ་བསྟན་འདུག

དེ་ཡང་ཟླ་༥ པའི་ཚེས་༤ ཉིན་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་ལས་ཁང་གིས། རྒྱལ་ཁབ་དེའི་ནང་བརྡ་རྟགས་ཚད་རིམ་༥ ཅན་བཀོལ་སྤྱོད་ཀྱི་ཆེད་དུ་ཟླ་བ་༦ རིང་ཚོད་ལྟ་བྱེད་རྒྱུ་གསལ་བསྒྲགས་དང་། ཚོད་ལྟའི་ལས་དོན་ནང་མཉམ་ཞུགས་བྱེད་ཆོག་པའི་རྒྱ་གར་དང་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་གི་མིང་ཐོ་བཏོན་འདུག འོན་ཀྱང་གྲངས་ཐོའི་ནང་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་དང་ཛེ་ཀྲི་ཨེ་(ZTE)གཉིས་བཅུག་མེད་པ་རེད་འདུག

དེ་ཡང་བརྡ་རྟགས་ཚད་རིམ་༥ ཅན་དེ་ནི་ཚད་རིམ་༤ ཅན་དང་བསྡུར་ན། ཕབ་ལེན་གྱི་མྱུར་ཚད་དེ་ལྡབ་༡༠ ཡིས་མྱུར་བ་ཡོད་འདུག་པ་དང་། རྒྱལ་སྤྱིའི་ནང་བརྡ་རྟགས་ཚད་རིམ་༥ ཅན་གྱི་ཁྲོམ་རར་ཚོང་ལས་ཁག་སུས་ཆ་ཤས་མང་བ་བླངས་ཐུབ་ཚེ། ཁེ་བཟང་ཆེན་པོ་འབྱུང་རྒྱུ་ཡིན་འདུག

རྒྱ་གར་ནི་རྒྱལ་སྤྱིའི་ནང་ཁ་པར་གྱི་ཁྲོམ་ར་ཆེ་ཤོས་གཉིས་པ་ཆགས་ཀྱི་འདུག་པས། བརྡ་རྟགས་ཚད་རིམ་༥ པའི་བརྡ་རྟགས་དང་ཁ་པར་ཚོང་ལསཁང་ཚོར་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག

ད་ལྟའི་ཆར་རྒྱ་གར་གཞུང་གིས་ཧུ་ཝེ་དང་ཛེ་ཀྲི་ཨེ་གཉིས་ལ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་མེད་ཀྱང་། ཐེངས་འདིར་བརྡ་རྟགས་ཚད་རིམ་༥ ཅན་གྱི་ཚོད་ལྟའི་ལས་རིམ་ནང་ཆོག་མཆན་སྤྲད་མེད་ཁར། ལོ་སྔོན་མར་ཧིན་བོད་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་བར་གྱི་གདོང་ཐུག་ལ་བརྟེན་ནས། རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་བཀག་སྡོམ་སོགས་བྱས་ཡོད་པས། མ་འོངས་པར་རྒྱ་གར་གྱིས་རྒྱ་ནག་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་རྒྱུའི་ལམ་ཁ་བཟོ་ཡི་ཡོད་སྲིད་པ་རེད་འདུག

ཨ་རིས་ཧུ་ཝེ་ཚོང་ལས་ཁང་ནི་རྒྱ་ནག་དབུས་གཞུང་དང་འབྲེལ་ལམ་དམ་ཟབ་ཡོད་པའི་ཚོང་ལས་ཁང་ཞིག་ཡིན་པས། ཚོང་ལས་ཁང་དེས་བཟོ་སྐྲུན་བྱས་པའི་ཁ་པར་དང་གློག་ཆས་ཁག་བརྒྱུད་ནས་རྒྱ་ནག་གཞུང་གིས་སོ་ལྟ་བྱེད་ཀྱི་ཡོད་པས་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས་བཀག་སྡོམ་བྱས་ཡོད་ཁར། དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ། ཚོང་ལས་ཁང་དེ་བཀག་སྡོམ་བྱེད་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པས། ལོ་སྔོན་མའི་ཟླ་༧ པའི་ནང་དབྱིན་ཡུལ་གྱིས་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་ལ། རྒྱལ་ཁབ་དེའི་བརྡ་རྟགས་རིམ་ཚད་༥ ཅན་གྱི་ལས་འཆར་ནང་དུ་ཚོང་ལས་ཀྱི་གོ་སྐབས་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།