རྒྱ་གར་གྱི་བུད་མེད་གཅིག་གནམ་གྲུ་རྗེས་ལུས་ཐེབས་ནས་སྲོག་ལས་ཐར་འདུག

རྒྱ་གར་ནས་དབྱིན་ཡུལ་དུ་འཕུར་མཁན་གྱི་གནམ་གྲུ་ཞིག་གནམ་ཐང་ནས་ལྡིང་སྟེ་ཅུང་མ་འགོར་བར་བརྡབ་སྐྱོན་བྱུང་སྟེ། འགྲུལ་པ་གཅིག་མ་གཏོགས་གཞན་ཚང་མ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་༡༢ ཀྱི་ཉིན་རྒྱབ་ཆུ་ཚོད་༡་༣༨ ཐོག་རྒྱ་གར་གྱི་གྷུ་ཇི་ར་ཐི་མངའ་སྡེའི་ཨ་མེ་དྷ་བྷ་ཐི་གྲོང་ཁྱེར་ནས་དབྱིན་ཡུལ་གྱི་རྒྱལ་སར་འཕུར་མཁན་གནམ་གྲུ་ཞིག་འཕུར་འགོ་བཙུགས་ནས་དུས་ཡུན་སྐར་མ་ཁ་ཤས་ཀྱི་རྗེས་སུ་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ། གནམ་གྲུ་གཏོང་མཁན་གཉིས་དང་ལས་བྱེད་མི་བཅུ། གནམ་གྲུའི་ནང་རྒྱ་གར་བ་འགྲུལ་པ་༡༦༩ དང་དབྱིན་ཇི་༥༣ ། ཕོར་ཇུ་གྷལ་ནས་ཡིན་པ་༧ ། ཁེ་ན་ཌ་ནས་༡ བཅས་ཁྱོན་བསྡོམས་མི་གྲངས་༢༤༢ ཡོད་པའི་ཁྲོད། འགྲུལ་པ་གཅིག་མ་གཏོགས་ཚང་མ་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། གཞན་ཡང་གནམ་གྲུ་ནང་གི་འགྲུལ་པ་ཙམ་མ་ཡིན་པར་བརྡབ་སྐྱོན་འབྱུང་སའི་ཁུལ་གྱི་མི་བཅས་བསྡོམས་པའི་མི་༢༦༥ ནས་༢༩༠ བར་གྱི་ཚེ་སྲོག་ཤོར་ཡོད་པ་བཅས་གསར་ཁང་ཁག་ནང་བཤད་ཚུལ་མི་འདྲ་བ་ཁ་ཤས་འདུག

པར། NDTV

ཆག་སྒོ་དེ་ནི་རྒྱ་གར་ལ་མཚོན་ན། ཕྱི་ལོ་༡༩༩༦ ལོ་ནས་བཟུང་མཁའ་ལམ་གྱི་གོད་ཆག་ཆེ་ཤོས་དེ་ཡིན་པ་དང་། འཛམ་གླིང་གི་ཉེ་བའི་ལོ་རྒྱུས་ནང་བྱུང་བའི་གོད་ཆག་ཚབས་ཆེ་ཤོས་སམ། མི་འཆི་སྐྱོན་མང་ཤོས་ཀྱི་དོན་རྐྱེན་གྱི་གྲས་ཤིག་ཀྱང་ཆགས་ཡོད་འདུག ད་ལྟའི་ཆར་གནམ་གྲུ་བརྡབ་སྐྱོན་གྱི་རྒྱུ་རྐྱེན་གང་ཡིན་ཐོག་རྟོག་ཞིབ་བྱེད་བཞིན་པ་ཡིན་འདུག

བརྡབ་སྐྱོན་ཟིན་པའི་གནམ་གྲུ་༼Boeing 787-8༽ རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ནི་ཨ་རིས་བཟོས་ཤིང་། ལྗིད་ཚད་ཡང་བ་དང་སྣུམ་གྲོན་ཆུང་བ། དེ་བཞིན་རྒྱང་ཐག་རིང་པོར་འཕུར་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་འདུག་ལ།  ཕྱི་ལོ་༢༠༡༡ ལོར་མཁའ་ལམ་དུ་ཞུགས་པ་ནས་བཟུང་ད་བར་བརྡབ་སྐྱོན་སོགས་ཀྱི་ཆག་སྒོ་བྱུང་མྱོང་མེད་པ་རེད་འདུག

གསར་འགྱུར་བརྒྱུད་ལམ་ཁག་གིས་གནམ་གྲུ་བརྡབ་སྐྱོན་དང་འབྲེལ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༩༣༢ ལོར་J.R.D Tata ཡིས་༼Tata Airlines༽ ཞེས་པ་གསར་འཛུགས་གནང་བ་དང་། རྗེས་སུ་རྒྱ་གར་གཞུང་གིས་ཕར་བླངས་ནས་༼Air India༽ ཞེས་མིང་བསྒྱུར་ཡོད་འདུག ལོ་ངོ་མང་པོའི་རྗེས་སྟེ། ཕྱི་ལོ་༢༠༢༢ ལོ་སླར་ཡང་ཊ་ཊ་ཚོགས་པས་༼Tata Group༽ རང་གིས་གསར་འཛུགས་བྱས་པའི་ལས་ཁུངས་དེ་ཕྱིར་ཉོས་ཡོད་འདུག ཁ་སང་ཊ་ཊ་ཚོགས་པའི་གནམ་གྲུ་བརྡབ་སྐྱོན་བྱུང་བར་བརྟེན། ཚོགས་པས་རྐྱེན་འདས་སུ་ཕྱིན་ཟིན་པའི་མི་རྣམས་ཀྱི་ནང་མིར་གུན་གསབ་ཆེད་ཧིན་སྒོར་འབུམ་༡༠༠ རེ་སྤྲད་རྒྱུ་ཡིན་པ་བསྒྲགས་འདུག

དེ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་གནམ་གྲུ་བརྡབ་སྐྱོན་འབྱུང་སའི་ཡུལ་དངོས་སུ་འབྱོར་ཞིང་། སྨན་ཁང་དུ་ལྷག་ཡོད་པའི་ཆག་སྒོ་ལས་ཐར་མཁན་མི་གཅིག་པུ་དང་ཐུག་འཕྲད་བྱས། སྲིད་བློན་གྱིས་ཨིག་སི་དྲྭ་ཐོག་ཏུ། དེ་རིང་ཆག་སྒོ་འབྱུང་སའི་ཡུལ་དངོས་སུ་ཕྱིན་པ་ཡིན། གོད་ཆག་གི་རྣམ་པ་དེ་ནི་སེམས་སྐྱོ་དགོས་པ་ཞིག་རེད། ཆག་སྒོ་བྱུང་རྗེས་ངལ་བ་ཁྱད་བསད་ཀྱིས་ལས་ཀ་བྱེད་མཁན་གྱི་ལས་བྱེད་དང་རུ་ཁག་ལ་ཐུག་འཕྲད་བྱུང་། བསམ་ཡུལ་ལས་འདས་པའི་ཡིད་སྐྱོའི་གོད་ཆགས་འདིའི་ནང་རང་གི་གཉེན་ཉེ་ཤོར་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་སྤེལ་འདུག

དོན་རྐྱེན་འདིར་དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་རྒྱ་གར་གྱི་མི་ཞིག་ནང་མི་ཟླ་སྒྲིལ་ཆེད་རྒྱ་གར་དུ་ཡོང་སྟེ། སོ་སོའི་ཕྲུ་གུ་གསུམ་དང་། ཉེ་ཆར་སྨན་པ་ནས་རྩ་དགོངས་ཞུས་མ་ཐག་པའི་ཁོང་གི་སྐྱེས་སྨན་བཅས་གནམ་གྲུ་དེའི་ནང་ཡོད་འདུག་པས་ཚང་མ་རྐྱེན་ལམ་དུ་ཤོར་འདུག་པ་དང་། ཡང་བུད་མེད་གཅིག་སྐར་མ་བཅུ་ཡས་མས་རིང་གནམ་གྲུ་རྗེས་མ་ཟིན་པས་སྲོག་ཐར་བ་གཉིས་ནི་དྲྭ་ལམ་དུ་ཁྱབ་ཆེ་ཤོས་རེད་འདུག

འདས་པའི་དུས་སུ་ཡང་༼Air India ༽ གནམ་གྲུ་ལ་བརྡབ་སྐྱོན་གྱི་ཆག་སྒོ་ཁག་ཅིག་བྱུང་ཡོད་འདུག དེ་ཡང་ཕྱི་༡༩༦༦ ལོར། བྷོ་ཡིང་༧༠༧༼Boeing 707༽ རྟགས་ཅན་གྱི་གནམ་གྲུ་དེ་ཡུ་རོབ་ཀྱི་ཨ་པི་སི་༼Alps༽ རི་རྒྱུད་ཅིག་ལ་བརྡབས་ནས་གནམ་གྲུའི་ནང་གི་མི་༡༡༧ ཚང་མ་རྐྱེན་ལམ་དུ་ཤོར་ཡོད་འདུག་པ་དང་། དེ་བཞིན་ཕྱི་ལོ་༡༩༧༨ ལོར། བྷོ་ཡིང་༧༤༧ རྟགས་ཅན་གྱི་གནམ་གྲུ་ཞིག་འཕུར་ནས་ཡུན་རིང་མ་འགོར་བར། ཨ་རབ་རྒྱ་མཚོའི་ནང་ལྷུང་སྟེ། འགྲུལ་པ་དང་ལས་བྱེད་བསྡོམས་པའི་མི་གྲངས་༢༡༣ ཚང་མ་རྐྱེན་ལམ་དུ་ཤོར་འདུག

གཞན་ཡང་། ཕྱི་ལོ་༡༩༨༥ ལོར། བྷོ་ཡིང་༧༤༧ རྟགས་ཅན་གྱི་གནམ་གྲུ་ཞིག་གི་ནང་འབར་རྫས་འགས་གཏོར་བྱུང་ནས། གནམ་གྲུའི་ནང་གི་མི་༣༢༩ ཚང་མ་རྐྱེན་ལམ་དུ་ཤོར་བ་བཅས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་འདུག  གསར་འགོད་པ། བློ་བཟང་རྒྱ་མཚོ།