རྒྱ་གར་གྱི་མེ་འཁོར་ཞིག་འདྲེད་བརྡབ་ཤོར་བ།

རྒྱ་གར་གྱི་རྒྱལ་ས་རྡི་ལི་ནས་ལྡིབ་རུ་གར་དུ་བསྐྱོད་པའི་མེ་འཁོར་ཞིག་ལམ་བར་དུ་འདྲེད་བརྡབ་ཤོར་ཏེ། མི་༤ རྐྱེན་ལམ་དང་མི་༩ ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག

ཟླ་འདིའི་ཕྱི་ཚེས་༢༥ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོའི་ཆུ་ཚོད་༢:༡༥ ཙམ་ལ་རྒྱ་གར་གྱི་མེ་འཁོར་ (Rajdhani Express) རྟགས་ཅན་ཞིག་བྷི་ཧར་མངའ་སྡེའི་ཆབ་ར་འབབ་ཚུགས་བརྒལ་ཏེ་སྐར་མ་ཁ་ཤས་སོང་བའི་རྗེས། མེ་འཁོར་དེ་ལྕགས་ལམ་ནས་འདྲེད་བརྡབ་ཤོར་ཏེ་སྒམ་ཆུང་༥ མགོ་རྟིང་སློག་པར་བརྟེན། མི་༤ རྐྱེན་ལམ་དུ་ཤོར་ཡོད་དང་མི་༩ ལ་རྨས་ཚབས་ཆེན་བཟོས་ཡོད་འདུག་ལ། དོན་རྐྱེན་དེ་བྱུང་མ་ཐག་རྨས་སྐྱོན་ཚབས་ཆེ་ཆུང་ཕོགས་པ་ཆ་ཚང་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ཡོད་པ་རེད།

railདོན་རྐྱེན་དའི་བྱུང་རྐྱེན་ཐད་རྒྱུ་མཚན་མི་འདྲ་བ་གཉིས་ཀྱི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། ཉེན་རྟོག་པས་བརྗོད་པ་ལྟར་ན། གློ་བུར་གྱི་རྐྱེན་ངན་འདི་ནི་བཟོ་རིག་ལག་རྩལ་གྱི་སྐྱོན་ཆ་ཡིན་པ་ལས། དྲག་སྤྱོད་པ་མའོ་ཤོག་ཁག་(Maoist) གིས་གཏོར་རྒོལ་ངན་བྱུས་བཤམས་པ་ཞིག་མིན་པའི་ངོས་འཛིན་བྱས་འདུག ཡིན་ནའང་རྐྱེན་ངན་བྱུང་ས་དེར་མེ་འཁོར་གྱི་ལྕགས་ལམ་མི་ཊར་༥༠༠ ཡོད་པ་ཞིག་བཀོག་ཡོད་པ་མ་ཟད། སྤྱི་ལེ་༢༥ ཙམ་གྱི་མཚམས་སུ་དུས་བཀག་འབར་རྫས་གསུམ་རྙེད་ཡོད་པས། རྒྱ་གར་མེ་འཁོར་གཙོ་འཛིན་ཨ་རུ་ཨིན་ངྡི་ར་ཀུ་མར་ (Arunendra Kumar) གྱིས་དོན་རྐྱེན་དེ་ནི་དྲག་སྤྱོད་པའི་གཏོར་རྒོལ་གྱི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ད་ལྟའི་ཆར་དོན་རྐྱེན་དེའི་བྱུང་རྐྱེན་གང་ཞིག་ཡིན་མིན་ད་དུང་ཁ་གསལ་བྱུང་མེད་པས། ཉེན་རྟོག་པའི་ཕྱོགས་ནས་ཞིབ་འཇུག་ལེགས་པར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག རྨས་སྐྱོན་ཚབས་ཆེན་ཕོག་པ་རྣམས་ལ་རྒྱ་གར་གཞུང་ནས་ཧིན་སྒོར་འབུམ་གཅིག་དང་། རྨས་སྐྱོན་ཆུང་ངུའི་རིགས་ལ་ཧིན་སྒོར་སྟོང་༢༠ རྐྱེན་ལམ་ཤོར་བའི་ནང་མི་ཚོར་ཧིན་སྒོར་འབུམ་༢ རེ་སྤྲད་རྒྱུ་ཡིན་སྐོར་རྒྱ་གར་གཞུང་གིས་བརྗོད་འདུག།

Share this:

Leave a Reply