རྒྱ་གར་གྱི་ཚོང་གཉེར་ཁང་གྲགས་ཅན་ཀྲ་ཀྲའི་སྤྱི་གཉེར་པ་རཱ་ཏན་ཀྲ་ཀྲ་འདས་གྲོངས་སུ་གྱུར་ཡོད་འདུག

ཚོང་གཉེར་ཁང་ཆེན་མོ་ཀྲ་ཀྲ་ནི་རྒྱ་གར་ནང་ཡོངས་སུ་གྲགས་པའི་ཚོང་གཉེར་ཁང་ཆེན་པོ་ཞིག་ཡིན་པ་དང་། དེའི་སྤྱི་གཉེར་པ་རཱ་ཏན་ཀྲ་ཀྲ་ཁ་སང་གཟའ་ལྷག་པའི་ཉིན་འདས་གྲོངས་སུ་གྱུར་ནས་མི་མང་ཁྲོད་མྱ་ངན་རྒྱ་ཆེན་བྱེད་བཞིན་འདུག
ཕྱི་ཚེས་༡༠ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཚོང་གཉེར་ཁང་ཀྲ་ཀྲ་ནི་རྒྱ་གར་ནང་ཧ་ཅང་སྐད་གྲགས་ཆེན་པོ་ཡོད་པའི་ཚོང་གཉེར་ཁང་ཞིག་ཡིན་པ་དང་། ཚོང་གཉེར་ཁང་དེ་ཕྱི་ལོ་༡༨༦༨ ལོ་གསར་འཛུགས་བྱས་ཡོད་འདུག ཚོང་གཉེར་ཁང་དེའི་སྤྱི་གཉེར་པ་རཱ་ཏན་ཀྲ་ཀྲ་ཁ་སང་གཟའ་ལྷག་པའི་ཉིན་རང་ལོ་༨༦ ཐོག་མོམ་བྷེའེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཁོང་སྨན་ཁང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་འདུག་ཅིང་། སྐབས་དེར་ཁོང་གིས་དེ་ནི་འཆར་ཅན་གྱི་བརྟག་དཔྱད་དང་འཕྲོད་བསྟེན་ཆེད་ཡིན་པ་དང་། མི་མང་ཁྲོད་ཁོང་གི་འཕྲོད་བསྟེན་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སོང་བས། ཁོང་ཉིད་ལ་ཐུགས་ཁུར་བྱེད་པར་ཐུགས་རྗེ་ཆེ་ཞེས་x་དྲྭ་ཐོག་ཏུ་བཀོད་འདུག
ཁོང་འདས་གྲོངས་སུ་ཕྱིན་རྗེས། སྲིད་བློན་མོ་དྷི་དང་ཀོང་རེ་སེའི་དབུ་ཁྲིད་རཱ་ཧུལ་གྷན་དྷི་སོགས། རྒྱ་གར་གྱི་ཆབ་སྲིད་པ་དང་ཚོང་པ་སོགས་མི་མང་པོས་ཁོང་གི་ཤུལ་ལུས་ནང་མིར་མྱ་ངན་གྱི་ཞུ་ཚིག་འདྲ་མིན་བསྐུར་འདུག་ལ། མོ་དྷི་ཡིས་རང་གི་ཨེག་སི་ X བརྒྱུད། སྐུ་ཞབས་རཱ་ཏན་ཀྲ་ཀྲ་ནི་འཆར་སྣང་ལྡན་པའི་ཚོང་ལས་དབུ་ཁྲིད་ཅིག་ཡིན་པ་དང་། སྙིང་རྗེ་དང་ཁྱད་དུ་འཕགས་པའི་སྐྱེ་བོ་ཞིག་ཡིན་པར་བཤད་ཡོད་འདུག་ལ། དེ་བཞིན་རཱ་ཏན་ཀྲ་ཀྲའི་འཛིན་སྐྱོང་འོག་ཚོང་གཉེར་ཁང་ཆེན་པོ་འདིས། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ལ་ཞབས་འདེགས་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐད་ཞལ་འདེབས་རླབས་ཆེན་ཞུས་ཡོད་པ་སོགས་ཀྱི་བསྔགས་བརྗོད་བྱས་ཡོད་འདུག
སྐུ་ཞབས་རཱ་ཏན་ཀྲ་ཀྲ་ནི། ཕྱི་ལོ་ ༡༩༣༧ ལོར་རྒྱ་གར་གྱི་མོམ་བྷེའེ་གྲོང་ཁྱེར་དུ། ཛོ་ར་སོ་ཏི་ཆོས་ལུགས་ཀྱི་རྗེས་སུ་འབྲང་མཁན་པར་སིག་གི་མི་བརྒྱུད་ནས་བྱུང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་འདུག་ལ། སློབ་སྦྱོང་བརྒྱུད་རིམ་ནི་ཁང་བཟོའི་ལས་རིམ་སྐོར་སློབ་སྦྱོང་བྱེད་མྱོང་ཡོད་འདུག་ལ། དེ་བཞིན་ཧྭ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཚོང་གི་སྡེ་ཚན་ནས་ཚོང་ལས་འཛིན་སྐྱོང་སྐོར་སློབ་སྦྱོང་བྱེད་མྱོང་ཡོད་འདུག མཐར་སློབ་སྦྱོང་གི་བརྒྱུད་རིམ་ཡོངས་སུ་ཚར་རྗེས།
ཕྱི་ལོ་ ༡༩༦༢ ལོ་ནས་ཀྲ་ཀྲ་ཚོང་གཉེར་གྱི་རྣོ་ལྕགས་བཟོ་གྲྭའི་ལས་ཀའི་ནང་ཞུགས་ཡོད་འདུག ཕྱི་ལོ་ ༡༩༩༡ ནས་ཀྲ་ཀྲ་ཚོང་གཉེར་ཁང་གིས་ཁོང་སྤྱི་གཉེར་བར་བསྐོས་པས་རྒྱ་གར་གྱི་དཔལ་འབྱོར་དེ་ཡང་ཕྱི་ལོ་༡༩༩༡ ལོར་རྒྱལ་སྤྱིའི་ནང་སྒོ་འབྱེད་རྒྱུ་འགོ་ཚུགས་པ་དང་སྟབས་བསྟུན་ནས། རྒྱལ་སྤྱིའི་ནང་ཀྲ་ཀྲ་ཚོང་གཉེར་ཁང་གི་ཡན་ལག་མང་པོ་འགོ་བཙུགས་ནས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཞབས་འདེགས་རླབས་ཆེན་ཞུས་ཡོད་འདུག

ཕྱི་ལོ་༢༠༠༠ལོར་ (the Padma Bhushan)པདྨ་བྷོ་ཤན་ན་ཟེར་བའི་གཟེངས་རྟགས་དེ་་ཡང་ཐོབ་ཡོད་འདུག་ཅིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གཞུང་གིས་ཁོང་ལ། མི་སེར་གྱི་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་(Padma Vibhushan)་ཟེར་བ་སྤྲད་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་མཐོ་སློབ་གྲགས་ཅན་མང་པོ་ནས་ཁོང་ལ་གཟེངས་རྟགས་དེ་འདྲ་བ་མང་པོ་ཞིག་སྤྲད་ཡོད་འདུག ཁོང་རང་མི་སྒེར་ལ་ཆ་མཚོན་ན་རྒྱུན་དུ་ནས་འཚོ་བ་ཧ་ཅང་བབ་ཆགས་ངང་སྐྱེལ་མཁན་ཞིག་ཡིན་འདུག་ལ། གཞན་ལ་རོགས་རམ་རྒྱ་ཆེན་བྱེད་མཁན་ཞིག་ཀྱང་ཡིན་འདུག རྒྱ་གར་གྱི་ན་གཞོན་ཁྲོད་རཱ་ཏན་ཀྲ་ཀྲའི་རྫིག་ཉམས་མེད་པའི་ངང་ཚུལ་དེ་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་འདུག་པ་དང་། དེ་བཞིན་ཁོང་རང་ཉིད་རོལ་མོ་ལ་ཧ་ཅང་དགའ་པོ་ཡོད་འདུག
རཱ་ཏན་ཀྲ་ཀྲ་ཡིས་འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་རྒྱ་གར་གྱི་ཚོང་གཉེར་ཆེན་མོ་འདི་ལ། དུས་དང་མཐུན་པའི་གསར་གཏོད་དང་། རྒྱ་བསྐྱེད་རིམ་པར་བྱས་ནས་མཐར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཉམ་སྦྲེལ་ཚོང་གཉེར་ཁང་ (Conglomerate) ཆེན་པོ་ཞིག་ཏུ་བསྒྱུར་ཡོད་འདུག ཚོང་གཉེར་ཁང་ཆེན་པོ་འདིར་དབུས་ཚོང་གཉེར་ཁང་དང་ཀྲ་ཀྲའི་བུ་ཚོ།(Tata sons )། དེའི་འོག་ཏུ་རང་སྐྱོང་ངང་ཚོང་ལས་སྒྲུབ་བཞིན་པའི་ཚོང་གཉེར་ཀྲ་ཀྲ་ཚོགས་པ་ (Tata Group)ཞེས་པ་བཅས་ཡོད་འདུག་པ་དང་། ཁྱོན་མཉམ་སྦྲེལ་ཚོང་གཉེར་ཁང་ཆེན་པོ་འདིའི་འོག་ཏུ་ཁེ་གཉེར་བྱེ་བྲག་པ་གྲངས་ ༣༠ ལས་བརྒལ་བ་ཡོད་འདུག དེ་དག་གི་ཚོང་ལས་རྒྱལ་ཁབ་ ༡༠༠ ལས་མང་བར་ཁྱབ་ཡོད་འདུག་ཅིང་། ལས་མི་ས་ཡ་ ༡ ལས་བརྒལ་བ་ཡོད་འདུག ཕྱི་ལོ་ ༢༠༢༣ ནས་ཕྱི་ལོ་ ༢༠༢༤ བར་གྱི་ཡོང་འབབ་དེ་ཨ་སྒོར་ཐེར་འབུམ་( $༡༦༥ )ལས་མང་བ་བྱུང་ཡོད་འདུག
རྒྱ་གར་གྱི་ཚོང་གཉེར་ཆེན་པོ་ཀྲ་ཀྲ་ Tata ཞེས་པ་འདི་ནི་ཕྱི་ལོ་ ༡༨༦༨༩ ལོ་སྟེ། རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ཡོད་སྐབས། རྗེམ་ཤེ་རྡི་ཇི་ ཀྲ་ཀྲ་(Jamshedji Tata )ཟེར་བ་ཞིག་གིས་ཐོག་མར་ད་ལྟའི་མོམ་བྷེའེ་གྲོང་ཁྱེར་དུ་བཙུགས་ཡོད་འདུག མི་འདིའི་ཁྱིམ་རྒྱུད་ནི་ཕྱི་ལོའི་དུས་རབས་བདུན་པའི་ནང་ཁ་ཆེ་དམག་དཔུང་གིས། པར་སིག་( ད་ལྟའི་ཨེ་རན།) ལ་བཙན་འཛུལ་བྱེད་སྐབས། རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་ཛོ་ར་སོ་ཏི་ཆོས་ལུགས་ཀྱི་རྗེས་སུ་འབྲང་མཁན་པར་སིག་མི་རིགས་ནས་བྱུང་བ་ཞིག་ཡིན་འདུག་པ་དང་། ད་ལྟ་འདས་གྲོངས་སུ་ཕྱིན་པའི་རཱ་ཏན་ཀྲ་ཀྲ་ནི། ཀྲ་ཀྲ་ཚོང་གཉེར་ཁང་ཐོག་མར་འཛུགས་མཁན་གྱི་མི་འདི་དང་ཐད་ཀར་ཤ་ཁྲག་གི་འབྲེལ་བ་ཡོད་མི་འདུག་ཀྱང་། ཁོའི་ཕ་རྒན་ནཱ་ཝལ་ཀྲ་ཀྲ་ (Naval Tata )ནི་ཀྲ་ཀྲ་ཁྱིམ་རྒྱུད་ཀྱི་མི་ཞིག་ཡིན་པ་གསལ། རཱ་ཏན་ཀྲ་ཀྲ་ཁོང་རང་ཉིད་གཉེན་སྒྲིག་བྱས་ཡོད་མི་འདུག་པར་བརྟེན། ཁོང་ལ་བུ་ཕྲུག་གཅིག་ཀྱང་ཡོད་མི་འདུག་ཀྱང་། ཚ་བོ་དང་ཚ་མོ་སོགས་མང་པོ་ཡོད་པ་དང་། དེ་ཚོ་དང་ལྷན་དུ་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།