རྒྱ་གར་གྱི་ཟས་རིགས་ཉེན་རྟོག་པས་ཅིའི་ཕྱིར་ཟིང་འཁྲུག་སློང་གི་ཡོད་དམ།

སཱོ་ཏིག་སྦེ་སི་ཝ་སི་(Soutik Biswas) ཀྱིས་བྲིས། སྐལ་བཟང་དོན་གྲུབ་ཀྱིས་བསྒྱུར།

ཉེ་ཆར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཉེན་རྟོག་པས་ལུག་ཤས་བཟོས་པའི་ཤ་འབྲས་ནང་དུ་གླང་ཤ་ཡོད་མེད་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་པ་དང་། དཔྱད་ཞིབ་པ་མང་པོ་ཞིག་གིས་དེ་ནི་ཟ་མ་གཅིག་སྡུད་རིང་ལུགས་ཀྱི་དཔེ་མཚོན་གཞན་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

_89900203_89900202ཉེ་ཆར་རྒྱ་གར་བྱང་ཕྱོགས་ཧ་རི་ཡ་ན་མངའ་སྡེའི་ཁ་ཆེ་བ་མང་ཤོས་ཡིན་པའི་གྲོང་གསེབ་མང་པོ་ཡོད་པའི་ས་གནས་སུ་ལས་འགུལ་དེ་སྤེལ་ཡོད་པ་དང་། ས་ཁུལ་དེ་རྒྱ་གར་གཞུང་འཛིན་ཚོགས་པ་བྷི་ཇེ་པི་ཆབ་སྲིད་ཚོགས་པས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་རེད། མངའ་སྡེ་དེར་བ་གླང་བསད་ན་ཉེས་ཆད་ཆེན་པོ་གཏོང་གི་ཡོད་པ་དང་། དེ་བཞིན་བ་གླང་སྲུང་སྐྱོབ་ཆེད་དམིགས་བསལ་ཉེན་རྟོག་རུ་ཁག་ཅིག་ཡོད་པ་དེར་བ་གླང་ཞབས་ཞུའི་ཚོགས་པ་ལྟ་བུ་སོགས་ཀྱི་མིང་བཏགས་ཡོད་པ་རེད། དང་བླངས་པ་དང་རང་བསྐོས་མེལ་ཚེ་བ་སོགས་ཀྱིས་གྲོང་གསེབ་ནང་བ་གླང་གསོད་ཀྱི་ཡོད་མེད་དང་དབོར་འདྲེན་བྱེད་ཀྱི་ཡོད་མེད་ལ་ལྟ་སྲུང་བྱེད་ཀྱི་ཡོད་པ་དང་། གྲོང་གསེབ་ཀྱི་དཔོན་ཚོགས་ཀྱིས་ས་གནས་ཁ་ཆེ་བ་ཚོར་ཤ་འབྲས་བཙོང་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་བཞིན་ཡོད་འདུག

བདུན་ཕྲག་སྔོན་མར་མི་ཁ་ཤས་ཀྱིས་ཤ་འབྲས་ནང་གླང་ཤ་ཡོད་སྐོར་ཞུ་གཏུག་བྱས་པས། ཉེན་རྟོག་པས་ཤ་འབྲས་ཏོག་ཙམ་བརྟག་དཔྱད་ཆེད་ཁྱེར་ཡོད་པ་རེད། ཤ་འབྲས་བཙོང་མཁན་སྐྱོ་པོ་ཚོས་ཁོང་ཚོའི་འཚོ་རྟེན་མེད་པ་ཆགས་པའི་སྡུག་སྐད་རྒྱག་གི་ཡོད་པ་དང་། པར་ནང་ལམ་ཟུར་གྱི་ཟ་ཁང་སྟོང་པ་ཡིན་པ་གསལ་པོ་བསྟན་འདུག

རྒྱ་གར་ནང་ཧིན་རྡུ་བ་མང་ཤོས་ཡིན་པ་ཚོས་བ་གླང་དེ་ནི་སྲོག་ཆགས་རྩ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་ཀྱང་རྒྱ་གར་གྱི་མི་མང་པོས་གླང་ཤ་ཟ་ཡི་ཡོད་པ་རེད། རྒྱ་གར་གཞུང་གི་ཐོ་གྲངས་ལ་གཞིགས་ན། རྒྱ་གར་ནང་གླང་ཤ་ཟ་མཁན་ས་ཡ་༨༠ ཡོད་པ་དང་། དེའི་ནང་མང་ཆེ་བ་ཁ་ཆེ་ཡིན་རུང་། ས་ཡ་༡༢ ལྷག་ཧིན་རྡུ་ཆོས་ལུགས་པ་ཡིན་འདུག

བ་གླང་དེ་ནི་རྒྱ་གར་གྱི་ཆབ་སྲིད་ནང་ཚོར་བ་རྣོ་ཤོས་ཀྱི་སྲོག་ཆགས་ཤིག་ཡིན་པ་དང་། ལོ་རྒྱུས་སྨྲ་བ་ཌི་ཨེན་ཇཱ་ཡིས་ “དེང་སང་རྒྱ་གར་གཞུང་འཛིན་ཚོགས་པ་བྷི་ཇེ་པི་ཡི་འོག་ལ་ལྡི་ལི་དང་མངའ་སྡེ་ཁ་ཤས་ནང་གླང་ཤ་ཟ་བ་དང་གསོད་པ་བཀག་འགོག་བྱེད་རྒྱུར་སེམས་ཚོར་དྲག་པོར་གྱུར་འདུག” ཅེས་བརྗོད་སོང་།

གླང་ཤ་བཀག་འགོག་ལ་སྐྱོན་བརྗོད་བྱེད་དགོས་དོན་དེ་བྱ་ཤ་དང་ཉ་ཤ་ལས་གོང་ཆུང་བ་ཡིན་པ་དང་། དབུལ་ཕོངས་ཁ་ཆེ་བ་དང་ཧིན་རྡུ་རིགས་དམའ་བ་ཌ་ལིཊ། དེ་བཞིན་ཤིང་ནགས་སུ་གདོད་མའི་འཚོ་བ་སྐྱེལ་མཁན་རུས་ཚོགས་རྣམས་ཀྱི་རྒྱུན་ཟས་གཙོ་བོ་ཡིན་པས་རེད།

རྒྱ་གར་ནང་དུ་གླང་ཤའི་ཐོག་ཆོས་ལུགས་ཀྱི་རྩོད་རྙོག་ཆེན་པོ་བྱུང་བའི་ལོ་རྒྱུས་རིང་པོ་ཡོད་པ་རེད། དེ་ཡང་ཁ་ཆེ་བ་དང་ཧིན་རྡུ་རིགས་དམའ་བར་དམིགས་འབེན་དུ་བྱས་ནས་གླང་ཤ་ཟ་བར་ཁ་རྡུང་བཏང་བ་བྱུང་ཡོད་པ་དང་། ཐེངས་མང་པོར་རང་ཉིད་ཀྱི་འདོད་མོས་ཡོད་པའི་ཟས་ཟ་བར། ཁྲིམས་འགལ་དང་ངོ་རྒོལ་གྱི་བྱ་བར་ངོས་འཛིན་བྱས་ཡོད་པ་རེད། འོན་ཀྱང་བྷི་ཇེ་པིའི་ཆབ་སྲིད་ཚོགས་པའི་འཛིན་སྐྱོང་འོག་ལ་ཡོད་པའི་ཧ་རི་ཡ་ན་མངའ་སྡེའི་ནང་གི་ཤ་འབྲས་བཙོང་མཁན་ཚོའི་ཁ་ལག་ནང་གླང་ཤ་ཡོད་པའི་དོགས་གཞིའི་འོག་བཀག་འགོག་བྱེད་པ་ནི་ཐལ་དྲགས་པའི་བྱ་སྤྱོད་ཅིག་རེད། “དེང་སང་མང་ཚོགས་མང་པོ་འཛོམས་ཡུལ་དུ་ཆགས་པའི་ཁ་ལག་བཙོང་སར་དམིགས་འབེན་བྱེད་ཀྱི་ཡོད་པས། དེ་ནི་ཐུབ་ཚོད་ཀྱི་རྣམ་པ་གསར་པ་ཞིག་རེད།”ཅེས་སྤྱི་ཚོགས་རིག་གནས་ཀྱི་སློབ་དཔོན་ཨ་མི་ཏ་བྷ་ཝིསེ་ཀར་ (Amita Baviskar)

གྱིས་ལབ་བྱུང་། དེ་ནས་རྒྱ་གར་ནང་ཁ་ལག་གི་གོམས་གཤིས་མི་འདྲ་བ་ཁྱབ་ཆེན་པོ་ཡོད་པའི་གོ་རྟོགས་མེད་པ་ཤེས་ཐུབ། དཔེར་ན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་གདོད་མའི་ཚོགས་ཁག་མི་འདྲ་བ་༢༠ ཚང་མར་ཁ་ལག་བཟོ་སྟངས་མི་འདྲ་བ་ཡོད་པ་རེད།

“ཧིན་རྡུ་རིགས་མཐོ་བ་ཚང་མ་དཀར་ཟས་ཟ་མཁན་མིན་པ་དང་ཁ་ཆེ་དང་ཡེ་ཤུ་བ་ཚང་མ་དམར་ཟས་ཟ་མཁན་མིན་པ་བཞིན། ང་ཚོས་དྲན་དགོས་པ་ཞིག་ལ་སྤྱི་ཚོགས་སུ་གང་དུ་ཁ་ལག་གི་གོམས་སྲོལ་གཅིག་མཚུངས་མེད་པ་རེད།”ཅེས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་གནས་ཀྱི་སློབ་དཔོན་ན་བྷན་ནི་པ་(Nabanipa Bhatttacharjee) ཡིས་བརྗོད་བྱུང་བས། རྒྱ་གར་གྱི་ཁ་ལག་གི་གོམས་སྲོལ་དཀར་ཟས་རེད་ཅེས་པའི་འགྲེལ་བཤད་དེ་ནི་འགྲེལ་བཤད་བསམ་མེད་དང་རྫུན་མ་ཞིག་རེད།

དལ་ལྷོད་མེད་པར་འགྱུར་བ་འགྲོ་བཞིན་པའི་རྒྱལ་ཁབ་དེའི་ནང་ཟས་སྤྱོད་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད་པས། སྤྱི་ཚོགས་ཚང་མས་ཁ་ལག་གི་མཐའ་མཚམས་བརྒལ་གྱི་ཡོད་པ་དང་། དེས་མི་མང་པོ་ཞིག་ལ་སེམས་འཚབ་སྐྱེ་ཡི་ཡོད་པ་རེད། ཕྱི་ལོ་༢༠༡༢ ལོར་ཧ་རི་ཡ་ནའི་གྲོང་གསེབ་ནང་རྒྱ་ཐུག་ཟོས་པ་ལ་བརྟེན། གཟུགས་པོའི་སྐུལ་རྒྱུ་ཆ་མི་སྙོམ་པ་ཆགས་ནས། མི་དེ་དག་བཙན་གཡེམ་གྱི་ལས་ལ་འཇུག་གི་ཡོད་སྐོར་ས་གནས་དེའི་དཔོན་པོ་ཞིག་གིས་བརྗོད་ནས་རྒྱ་ཐུག་ལ་ཉེས་འཛུགས་བྱས་ཡོད་པ་རེད། “སྐད་ཆ་དེ་ལ་ཁྲེལ་དགོད་ཀྱི་ལན་འདེབས་ཁྱབ་ཆེན་པོ་བྱུང་བ་རེད། དེས་ས་གནས་ཀྱི་ཟས་སྤྱོད་ནང་རྒྱ་ཐུག་དེ་ཁྱབ་ཆེན་པོ་བསྲེས་ཚར་བའི་རྟགས་རེད་ལ། མི་རྒན་པ་ཞིག་གིས་ཕྱི་རྒྱལ་གྱི་ཁ་ལག་ལ་ཞེད་སྣང་གི་ཚོར་བ་སྟོན་སྲིད་པ་དང་གྱེན་ལོག་གི་རང་བཞིན་ལྡན་པའི་གཞོན་སྐྱེས་ཚོས་ཁོའི་སྐད་ཆར་བརྩི་འཇོག་བྱེད་རྒྱུ་མཚམས་འཇོག་བྱས་ཟིན་པར་སུན་སྣང་སྐྱེ་སྲིད་པ་རེད་དེ། མི་རབས་གཞོན་པ་ཚོས་རྒྱ་ཐུག་མུ་མཐུད་ལོངས་སྤྱོད་ཀྱི་རེད།”ཅེས་སློབ་དཔོན་བྷ་ཝི་སི་ཀར་གྱིས་བརྗོད་སོང་།

མི་མང་ལ་ཟས་རིགས་ཁ་ཤས་ལོངས་སུ་སྤྱོད་རྒྱུ་མེད་པ་བཟོ་ཐབས་བྱེད་པ་ནི་ཟས་རིགས་མཐའ་མཚམས་བརྒལ་མི་རུང་བའི་ཉེན་བརྡ་མངོན་གསལ་དོད་པོ་ཞིག་རེད་དེ། ཟས་མ་བཙོང་མཁན་དམིགས་འབེན་དུ་བཟུང་ན། དེ་སྔོན་གྷུ་ཇུ་ར་ཊེ་མངའ་སྡེའི་ནུབ་ཕྱོགས་སུ་ཆང་རག་བཀག་སྡོམ་བྱས་པས། གསང་བའི་ཐོག་ནས་ཆང་རག་བཙོང་སའི་ཁྲོམ་ར་ཆེན་པོ་ཆགས་པ་ལྟར། ཟས་རིགས་ཀྱི་ཉེན་རྟོག་པའི་བྱེད་ལས་ཀྱིས་ཁ་ལག་དེའི་རིགས་གསང་བའི་ཐོག་བཙོང་དགོས་པའི་གནས་སུ་གྱར་སྲིད་པ་རེད། རང་ཉིད་ལ་ཟས་ག་རེ་ཟ་དགོས་མིན་བཀའ་བཏང་བར་མི་དགའ་མཁན་ཚོས། རང་ཉིད་ཀྱིས་ཟ་འདོད་པའི་ཁ་ལག་དེ་ཟ་ཆེད་དུ་ལམ་ཁ་ཞིག་རྟག་ཏུ་རྙེད་ཐུབ་པ་བྱེད་རྒྱུ་རེད།།
མ་རྩོམ་http://www.bbc.com/news/world-asia-india-37335891