རྒྱ་གར་གྱི་འོས་བསྡུའི་གྲུབ་འབྲས་དང་མ་འོངས་པའི་གཞུང་འཛིན་སྲིད་དོན་ཚོགས་པ་ལ་དཀའ་ངལ།

wion གསར་ཁང་གི་པར།

ཁ་སང་རྒྱ་གར་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་ད་ལྟའི་གཞུང་འཛིན་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་སྲིད་དོན་ཚོགས་པ་གཞན་དང་ལྷན་དུ་མཉམ་འབྲེལ་བྱས་པའི་དམངས་གཙོ་མཉམ་འབྲེལ་ཚོགས་པ་ལ་རྒྱལ་ཁབ་ཐོབ་ཡོད་ཀྱང་། སྦི་ཇེ་པི་སྲིད་དོན་ཚོགས་པ་གཅིག་པུར་བྱས་ན་མང་མོས་རྒྱབ་སྐྱོབ་ཐོབ་ཡོད་མི་འདུག 

ཕྱི་ཚེས་༤ ཉིན་རྒྱ་གར་དང་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༤ ཚེས་༡༩ ནས་ཕྱི་ཟླ་༦ ཚེས་༡ བར་རྒྱ་གར་རྒྱལ་ཡོངས་ནང་གི་མངའ་སྡེ་རིམ་པའི་འོས་བསྡུ་བྱས་ཏེ་ཁ་སང་མཐའ་མའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་དང་།འདི་ལོའི་འོས་བསྡུའི་ཁྲོད་ཆ་ཤས་ལེན་ཆོག་པའི་མི་མང་ས་ཡ་༩༦༨ ཡོད་པ་དང་། འོས་བསྡུའི་ནང་དངོས་སུ་ཆ་ཤས་ལེན་མཁན་ཁྱོན་ས་ཡ་༦༤༢ བྱུང་ཡོད་འདུག  དེ་དག་ལས་བུད་མེད་ས་ཡ་༣༡༢ ཙམ་འཛུལ་བཞུགས་བྱས་ཏེ་རྒྱ་གར་གྱི་ལོ་རྒྱུས་ནང་བུད་མེད་ཀྱིས་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་མང་ཤོས་དེ་ཆགས་ཡོད་འདུག དེ་བཞིན་དྷ་ས་ཁུལ་གྱི་བོད་མི་ཉིས་སྟོང་ལྷག་གིས་འོས་བསྡུའི་ཆ་ཤས་བླངས་ཡོད་འདུག

ཐེངས་འདིའི་འོས་བསྡུའི་ཆེད་དུ་བདེ་སྲུང་མི་སྣ་དང་འོས་བསྡུའི་ལས་བྱེད་ས་ཡ་༡༥ དང་རླངས་འཁོར་འབུམ་༤ ། གློག་གི་འོས་བསྡུའི་འཕྲུལ་ཆས་(EVM  Electronic Voting machine)ས་ཡ་༥ དང་འབུམ་༥ བཅས་གོ་སྒྲིག་བྱས་ཡོད་པ་དང་འོས་བསྡུའི་ཉིན་མཐའ་མ་དེར་གནམ་གཤིས་ཚ་དྲོད་ཧ་ཅང་ཆེ་བའི་དབང་གིས་(Uttar Pradesh)  གཅིག་པུའི་ནང་འོས་བསྡུའི་ལས་བྱེད་༣༣ འདས་གྲོངས་སུ་ཕྱིན་ཡོད་འདུག འོས་བསྡུ་ལྷན་ཁང་གི་བཀའ་མངགས་ལྟར་འདས་གྲོངས་སུ་འགྲོ་མཁན་རེ་ལ་ཧིན་སྒོར་འབུམ་༡༥ རེ་གུན་གསབ་སྤྲད་ཡོད་འདུག

wion གསར་ཁང་གི་པར།

འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་སྔོན་དུ་སྲིད་དོན་དཔྱད་བརྗོད་པ་དག་གིས་ཚོད་དཔག་བྱས་དོན་ལ། འདི་ལོའི་འོས་བསྡུའི་ཁྲོད་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པ་སྦི་ཇེ་པི་གྲོས་ཚོགས་ནང་སྔར་ལས་རྐུབ་བཀྱག་མང་བ་ཐོབ་སྟེ་སྔར་ལས་སྟོབས་ཤུགས་ཇེ་ཆེར་འགྱུར་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། དེ་ལས་ལྡོག་སྟེ་གཞུང་འཛིན་སྦི་ཇེ་པི་སྲིད་དོན་ཚོགས་པའི་རྐུབ་བཀྱག་ཐོབ་པ་སྔར་ལས་ཉུང་དུ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༩ ལོར་སྦི་ཇེ་པི་སྲིད་དོན་ཚོགས་པ་གཅིག་པུ་ལ་རྐུབ་བཀྱག་༣༠༣ ཐོབ་ཡོད་པ་དང་། སྦི་ཇེ་པི་དང་སྲིད་དོན་ཚོགས་པ་གཞན་དང་མཉམ་འབྲེལ་བྱས་པའི་དམངས་གཙོ་མཉམ་འབྲེལ་ཚོགས་པ(NDA National Democratic alliances) ལ་ཁྱོན་རྐུབ་བཀྱག་༣༥༢ ཐོབ་ཡོད་འདུག་ཀྱང་། འདི་ལོའི་འོས་བསྡུའི་ཁྲོད་སྦི་ཇེ་པི་དང་སྲིད་དོན་ཚོགས་པ་གཞན་དང་ལྷན་དུ་མཉམ་འབྲེལ་བྱས་ཀྱང་རྐུབ་བཀྱག་༢༩༢ ལས་ཐོབ་མི་འདུག མ་འོངས་པའི་ལོ་ལྔ་དེ་སྦི་ཇེ་པི་སྲིད་དོན་ཚོགས་པས་གཞུང་སྲིད་སྐྱོང་ཐུབ་རྒྱུའི་རེ་བ་ཡོད་ཀྱང་། སྦི་ཇེ་པི་དང་མཉམ་འབྲེལ་བྱས་པའི་སྲིད་དོན་ཚོགས་པ་གཞན་དག་གིས་རྒྱབ་སྐྱོར་མེད་ན་གཞུང་སྲིད་སྐྱོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་ནི་སྦི་ཇེ་པི་སྲིད་དོན་ཚོགས་པ་གཅིག་པུ་ལ་རྐུབ་བཀྱག་༢༤༠ ལས་རག་མེད་པ་དང་། གཞུང་སྲིད་སྐྱོང་དགོས་པ་ལ་ཁྱོན་རྐུབ་བཀྱག་༢༧༢ ཉུང་མཐའ་ལ་དགོས་ཀྱི་ཡོད་འདུག གཞན་རྐུབ་བཀྱག་༥༡ དེ་སྲིད་དོན་ཚོགས་པ་གཞན་དག་གི་ཡིན་འདུག དེར་བརྟེན་སྦི་ཇེ་པི་སྲིད་དོན་ཚོགས་པ་ལ་རང་དབང་ཐོག་ནས་གཞུང་སྲིད་སྐྱོང་རྒྱུ་ཁག་པོ་ཡིན་འདུག་ལ། སྲིད་བློན་མུ་དྷི་ལྟ་བུར་མཚོན་ན་ཁོང་གྷུ་ཇུ་ར་ཐི་མངའ་སྡེའི་བློན་ཆེན་ཡིན་དུས་ནས་ཁོང་གི་སྲིད་དོན་ཚོགས་པ་ལ་མང་མོས་ཀྱི་རྒྱབ་ཁབ་ཐོབ་སྟེ་གཞུང་སྲིད་རང་དབང་ཐོག་ནས་བསྐྱངས་ཡོད་འདུག་ཀྱང་། མ་འོངས་པར་དབུས་གཞུང་ནང་དུས་ཡུན་གསུམ་པའི་གཞུང་སྲིད་སྐྱོང་དུས་གཞན་ལ་མ་བསྟུན་ཁ་མེད་ཆགས་ཡོད་འདུག ཉེན་ཁ་གཞན་ཞིག་ཡོད་པ་ནི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀང་རེ་སིས་སྣེ་ཁྲིད་པའི་མཉམ་འབྲེལ་སྲིད་དོན་ཚོགས་པ་(India Bloc)ལ་ཁྱོན་རྐུབ་བཀྱག་༢༣༣ཡོད་འདུག་པ་དང་། ཀོང་རེ་སི་སྲིད་དོན་ཚོགས་པ་སྔར་ལས་རྐུབ་བཀྱག་མང་བ་ཐོབ་ཡོད་འདུག ཕྱི་ལོ་༢༠༡༤ ལོར་རྐུབ་བཀྱག་༤༤ དང་ ཕྱི་ལོ་༢༠༡༩ རྐུབ་བཀྱག་༥༢། ཕྱི་ལོ་༢༠༢༤ ལོར་ཀོང་རེ་སི་ལ་རྐུབ་བཀྱག་༩༩ བཅས་ཐོབ་ཡོད་འདུག་པ་དང་། གཞན་སྲིད་དོན་ཚོགས་པ་ཆུང་གྲས་འགའ་ཤས་ལ་རྐུབ་བཀྱག་༡༨ རག་མཁན་ཡོད་འདུག རྒྱ་གར་གྱི་གྲོས་ཚོགས་འོག་མ་ནང་ཁྱོན་རྐུབ་བཀྱག་༥༤༣ ཡོད་འདུག

 གལ་སྲིད་ད་ལྟ་སྦི་ཇེ་པི་དང་མཉམ་འབྲེལ་ཡིན་པའི་སྦི་ཧར་མངའ་སྡེ་སྤྱི་ཁྱབ་བློན་(Nitish Kumar )ནེ་ཏེ་ཤེ་ཀུ་མར་གྱིས་སྣེ་ཁྲིད་པའི་ (Janata Dal)སྲིད་དོན་ཚོགས་པ་དང་ཨ་དྷི་པ་དྷེ་ཤེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Chandrababu Naidu )ཅ་དྷར་བྷ་བྷུ་ནར་ཏུས་སྣེ་ཁྲིད་པའི་(Telugu Desam)སྲིད་དོན་ཚོགས་པ་དག་སྦི་ཇེ་པི་ནས་ཁ་བྲལ་ཏེ་ཕྱོགས་འགལ་ཚོགས་པ་དང་ལྷན་དུ་མཉམ་འབྲེལ་བྱས་ན་སྦི་ཇེ་པིས་གཞུང་སྲིད་སྐྱོང་རྒྱུའི་གོ་སྐབས་མེད་པ་ཡིན་འདུག སྦི་ཧར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་(Nitish Kumar )ནེ་ཏེ་ཤེ་ཀུ་མར་ལྟ་བུར་མཚོན་ན་ཟླ་བ་འགའ་ཤས་སྔོན་དུ་ཀོང་རེ་སིའི་སྲིད་དོན་ཚོགས་པ་དང་ལྷན་དུ་(India Bloc)་ཟེར་བ་དེ་བཙུགས་ཡོད་པ་དང་། འོས་བསྡུ་མ་སླེབས་ཙམ་སྦི་ཇེ་པི་དང་ལྷན་དུ་མཉམ་འབྲེལ་བྱས་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་(Nitish Kumar )ནེ་ཏེ་ཤེ་ཀུ་མར་མ་འོངས་སྦི་ཇེ་པི་ཡི་ལས་དོན་བྱེད་ཕྱོགས་ཐད་མ་མཐུན་ཚེ་ཁ་བྲལ་ནས་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་ལྷན་དུ་མཉམ་འབྲེལ་བྱེད་རྒྱུའི་ཉེན་ཁ་ཡོད་འདུག 

ཐེངས་འདིའི་འོས་བསྡུའི་ནང་སྦི་ཇེ་པི་སྲིད་དོན་ཚོགས་པ་ལ་ཕམ་ཁ་ཆེན་པོ་འབྱུང་ས་འགའ་ཤས་ཡོད་འདུག་པ་ལས།  ཐོག་མར་ཧིན་རྡུ་མང་པོ་ཡོད་སའི་མངའ་སྡེ་(Rajasthan)ནང་སྦི་ཇེ་པི་སྲིད་དོན་ཚོགས་པར་རྐུབ་བཀྱག་༡༤ ལས་རག་མེད་པ་དང་། (Teleangana )མངའ་སྡེའི་ནང་རྐུབ་བཀྱག་༤ ། (karnataka)ནང་རྐུབ་བཀྱག་༡༧ ལས་རག་ཡོད་མི་འདུག དེ་བཞིན་ལྷོ་ཕྱོགས་ཀྱི་མངའ་སྡེ་(Tamil Nadu )་ནང་སྲིད་བློན་མུ་དྷི་ཡིས་འབད་བརྩོན་ཆེན་པོས་འོས་རག་ཐབས་བྱས་ཡོད་འདུག་ཀྱང་། རྐུབ་བཀྱག་གཅིག་ཀྱང་རག་ཡོད་མི་འདུག ད་དུང་གཞན་ཞིག་ནི་ལྷོ་ཕྱོགས་མངའ་སྡེ་(Kerala)་ནང་སྦི་ཇེ་པི་ཕམ་ཉེས་བྱུང་ཡོད་འདུག མངའ་སྡེ་དེ་དག་ནང་འོས་མི་རག་པའི་རྒྱུ་མཚན་ནི་མངའ་སྡེ་དེ་དག་གི་ས་གནས་སྲིད་དོན་ཚོགས་པ་རྣམས་སྟོབས་ཤུགས་ཆེན་པོ་ཆགས་བཞིན་ཡོད་པ་ཐེངས་འདིའི་འོས་བསྡུའི་ཁྲོད་གསལ་པོ་ཆགས་ཡོད་འདུག དེ་རྗེས་དུས་རྒྱུན་རྒྱ་གར་ནང་ལབ་སྲོལ་ཞིག་ཡོད་པ་ནི། ལྡི་ལིའི་ནང་གཞུང་འཛིན་འདོད་ན་ཐོག་མར་ཡུ་པི་མངའ་སྡེ་བརྒྱུད་དེ་འགྲོ་དགོས་ཟེར་སྲོལ་ཡོད་འདུག་པ་བཞིན། འདས་པའི་རྒྱ་གར་གྱི་སྲིད་བློན་བརྒྱད་ཡུ་པི་མངའ་སྡེ་ནས་རྒྱལ་ཁ་ཆེན་པོ་ཐོབ་སྟེ་སྲིད་བློན་ཆགས་ཡོད་འདུག་ལ། ད་ལྟའི་ལས་ཐོག་སྲིད་བློན་མོ་དྷི་ཡང་ཕྱི་ལོ་༢༠༡༤ ལོ་ཡུ་པི་མངའ་སྡེ་ནས་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ནས་སྲིད་བློན་ཆགས་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཡང་ཡུ་པི་མངའ་སྡེར་ཡོད་པའི་ཝ་ར་ཎ་སིའི་(Varanasi)ནང་དྲིལ་བསྒྲགས་བྱས་ནས་ཐོབ་ཡོད་འདུག་ཀྱང་། འདི་ལོར་སྦི་ཇེ་པི་སྲིད་དོན་ཚོགས་ཡུ་པི་མངའ་སྡེ་ནང་ཕམ་ཁ་ཆེན་པོ་བྱུང་ཡོད་འདུག ཡུ་པི་མངའ་སྡེའི་ནང་ཁྱོན་རྐུབ་བཀྱག་༨༠ ཡོད་འདུག་པ་དང་། ཕྱི་ལོ་༢༠༡༩ ལོར་སྦི་ཇི་པེ་ལ་རྐུབ་བཀྱག་༧༡ ཐོབ་ཡོད་འདུག་ཀྱང་། འདི་ལོར་རྐུབ་བཀྱག་༣༣ ལས་ཐོབ་ཡོད་མི་འདུག ཀོང་རེ་སི་སྲིད་དོན་ཚོགས་པ་ལ་རྐུབ་བཀྱག་༦ དང་ཡུ་པི་ས་གནས་ཀྱི་སྲིད་དོན་ཚོགས་པ་(Samjwadi)་ལ་རྐུབ་བཀྱག་༣༧ དང་གཞན་སྲིད་དོན་ཚོགས་པ་ཆུང་གྲས་འགའཤས་ལ་ལྷག་མ་དག་ཐོབ་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།