རྒྱ་གར་གྱི་འོས་བསྡུའི་ནང་ཆོས་ལུགས་བེད་སྤྱོད་བྱེད་མི་ཆོག་པ་བཟོས་འདུག
རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་འོས་བསྡུའི་སྐབས་ཆོས་ལུགས་དང་རིགས་རུས། སྐད་ཡིག་སོགས་ཀྱི་མིང་བེད་སྤྱོད་བྱས་ཏེ་འོས་ཤོག་རག་ཐབས་བྱེད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གལ་ཏེ་ཆོས་ལུགས་དང་རིགས་རུས་སོགས་ཀྱི་མིང་ཐོག་ནས། འོས་ཤོག་རག་ཐབས་བྱས་ཚེ་དེ་དག་རྩིས་མེད་གཏང་རྒྱུ་ཡིན་པའི་ཁྲིམས་གཏན་ལ་ཕབ་ནས་ཁྱབ་བསྒྲགས་བྱས་འདུག དེ་ཡང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་བདུན་ལས་བཞི་ཡིས་ཁྲིམས་དེར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁ་ཐོབ་ཡོད་འདུག
ཆེས་མཐོའི་ཁྲིམས་ཁང་གིས་འོས་བསྡུ་ནི་ཆོས་ལུགས་རིས་མེད་ཀྱི་བྱེད་སྒོ་ཞིག་ཡིན་པས། དེ་མཚུངས་ཀྱིས་ལས་རིམ་འགྲོ་དགོས་པ་དང་། གལ་ཏེ་འོས་མི་ཞིག་གིས་ཁྲིམས་དེར་དང་ལེན་མ་བྱས་ཚེ། དེ་ཉིད་འོས་མིའི་ཁོངས་ལས་ཕྱིར་འདོན་བྱ་རྒྱུ་ཡིན་པ། དེ་བཞིན་མི་དང་ལྷའི་འབྲེལ་བ་ནི་སྒེར་གྱི་འདེམས་ཀ་ཡིན་པས། རྒྱལ་ཁབ་ཀྱིས་བྱེད་སྒོ་དེ་དག་ནང་ཐེ་ཇུས་བྱ་མི་རུང་བ་ཡིན་སྐོར་ཡང་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།