རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ནད་ཡམས་ཀྱིས་ཤི་བའི་ཕུང་པོ་སྲེག་ས་མི་རག་པའི་དཀའ་ངལ་འཕྲད་བཞིན་འདུག
རྒྱ་གར་རྒྱལ་ཡོངས་སུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19)ཀྱི་ནད་པ་དང་ཤི་བའི་གྲངས་ཚད་ཤུགས་ཆེར་འཕར་བཞིན་པའི་ཛ་དྲག་གི་དཀའ་ཉེན་ཁྲོད།རྒྱལ་ས་ལྡི་ལིའི་ཉེན་རྟོག་པ་ཚོས་གྲོང་ཁྱེར་སྲིད་གཞུང་ལ་ཕུང་པོ་སྲེག་སའི་དུར་ས་གསར་པ་ངོས་འཛིན་དང་བཀོད་སྒྲིག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ད་ལྟ་འཛམ་གླིང་གི་མི་འབོར་ཆེ་ཤོས་གཉིས་པར་གྱུར་བའི་རྒྱ་གར་དུ་ནད་ཡམས་ཀྱི་ཚ་རླབས་གཉིས་པ་དེ་འཕྱུར་ནས་སྨན་ཁང་དང་།རོ་ཉར་ཁང་། (morgue) རོ་སྲེག་ཁང་བཅས་ཀྱིས་མི་འདང་པའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་སྒང་ཞིག་ཡིན།
ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་དུ་ནད་པ་གསར་པ་འབུམ་གསུམ་དང་ཁྲི་བརྒྱད་མ་ཟིན་ཙམ་ཞིག་ཐོན་ནས་ནད་པའི་ཁྱོན་སྡོམ་གྲངས་ཚད་ས་ཡ་༡༨བརྒལ་བ་མ་ཟད།ནད་པ་༣,༦༥༤ ཤི་འདུག་ཅིང་། དེ་ནི་ད་བར་དུ་རྒྱལ་ཁབ་གཅིག་ཏུ་ཉིན་གཅིག་ལ་འཕར་བའི་ནད་པའི་ཁ་གྲངས་ཆེས་མཐོས་ཤོས་དེ་ཆགས་ཡོད་འདུག
རྐྱེན་ལམ་དུ་ཕྱིན་པ་དེ་དག་གི་ཁྲོད་ནས་༣༩༠ལྷག་རྒྱལ་ས་ལྡི་ལི་རང་ནས་ཡིན་འདུག་ཅིང་།དེ་ནི་གྲོང་ཁྱེར་དེར་ནད་ཡམས་ཁྱབ་འགོ་ཚུགས་པ་ནས་བཟུང་སྟེ་ཉིན་གཅིག་ལ་ཤི་བའི་ནད་པའི་ཁ་གྲངས་མང་ཤོས་དེ་ཆགས་ཡོད་འདུག
རྒྱ་གར་གྱི་ཨན་ཌི་བརྙན་འཕྲིན་ཁང་(NDTV)ནས་གནས་ཚུལ་སྤེལ་བ་ལྟར་ན།ལྡི་ལིའི་ཉེན་རྟོག་མཐོན་པོ་ཞིག་གིས་“ལྡི་ལི་གྲོང་ཁྱེར་ནང་དུ་ཤི་བ་ཕལ་ཆེ་བ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ཡོད་པ་དང་།མི་རྣམས་ལ་རོ་སྲེག་ས་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས།ཁོ་ཚོས་སོ་སོའི་དགའ་ཉེ་སྤུན་མཆེད་ཚོའི་ཕུང་པོ་རྣམས་ནད་ཡམས་ཀྱིས་ཤི་བའི་ཕུང་པོའི་ཆེད་དུ་བཀོད་སྒྲིག་བྱས་པ་མ་ཡིན་ས་ལ་མེར་སྲེག་དགོས་ཐུག་ཀྱི་ཡོད།དེར་བརྟེན་ང་ཚོས་ཕུང་པ་སྲེག་ས་མང་ཙམ་བཀོད་སྒྲིག་བྱེད་དགོས་ཞེས་བཤད་ཡོད་”ཅེས་བརྗོད་ཡོད་འདུག
རྒྱ་གར་དུ་ཕྱིའི་རྒྱལ་ཁབ་རྣམས་ཀྱི་རོགས་སྐྱོར་འབྱོར་འགོ་ཚུགས་ཟིན་ན་ཡང་།ད་དུང་ཡང་འཚོ་རླུང་(Oxygen)དང་།སྨན།སྨན་ཁང་སོགས་ཀྱིས་མི་འདང་བའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པས།མི་མང་ཚོའི་ཁྲོད་དུ་རྒྱ་གར་དབུས་གཞུང་ནས་འོས་བསྡུའི་ལས་འགུལ་སྤེལ་དུ་བཅུག་པ་དང་།ཆོས་ལུགས་ཀྱི་དུས་ཆེན་འཚོགས་སུ་བཅུག་པར་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་འདུག
རྒྱ་གར་གཞུང་ནས་སང་ཉིན་སྟེ་ཕྱི་ཟླ་༥ཚེས་༡ཉིན་ནས་ལོ་༡༨ཡན་གྱི་མི་ཚང་མར་སྔོན་འགོག་སྨན་ཁབ་རྒྱག་ཆོག་པའི་གསལ་བསྒྲགས་སྤེལ་རུང་།རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ལ་ད་ལྟ་ནས་སྔོན་འགོག་སྨན་ཁབ་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་ཀྱིན་ཡོད་སྟབས།ལོ་༡༨ཡན་གྱི་མི་ཚང་མར་སྔོན་འགོག་རྒྱག་པར་དུས་ཡུན་རིང་པོ་འགོར་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།