རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླུངས་ཁམས་ཧ་ཅང་འབག་བཙོག་ཏུ་གྱུར་ནས་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་ཡོད་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དགུན་དུས་སུ་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་མི་རྣམས་ཀྱིས་མེ་གཏོང་བ་དང་། ལོ་ཏོག་སོགས་བེད་མེད་རིགས་རྣམས་མེར་སྲེག་པ། རླུངས་ཤུགས་མེད་པའི་རྐྱེན་གྱིས་མཁའ་རླུངས་འབག་བཙོག་ཏུ་གྱུར་ནས་ཉིན་ཤས་སྔོན་ནས་ལྡི་ལིའི་རླུངས་ཁམས་ཧ་ཅང་བཙོག་པོ་ཆགས་ཏེ་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག
ཕྱི་ཚེས་༢༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཉིན་ཤས་སྔོན་ནས་ལྡི་ལིའི་རླུངས་ཁམས་ཧ་ཅང་འབག་བཙོག་ཆགས་ཡོད་འདུག་པ་དང་། ད་ལྟ་ལྡི་ལིའི་ནང་གི་རླུངས་ཁམས་འབག་བཙོག་གི་ཚད་གཞི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་རླུངས་ཁམས་བདེ་འཇགས་ཀྱི་ཚད་གཞི་ལས་ལྡབ་༢༥ ནས་༣༠ བར་བརྒལ་བཞིན་ཡོད་པར་བརྗོད་འདུག་ལ། མཁས་པ་ཚོས་འབྱུང་འགྱུར་ཉིན་ཤས་ནང་རླུངས་ཁམས་འབག་བཙོག་གི་ཚད་གཞི་དེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་གར་ཧིན་དཱུ་རྣམས་ཀྱི་མར་མེར་ཕྲེང་བའི་དུས་ཆེན་བསླེབ་ལ་ཉེ་བར་བརྟེན། དུས་ཆེན་དེའི་སྐབས་སུ་ཤོག་སྦག་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་མཁའ་རླུངས་འབག་བཙོག་ཆེན་པོ་བཟོ་བས་ཡིན་འདུག དེ་བཞིན་ལྡི་ལིའི་ཉེ་འཁོར་གྱི་མངའ་སྡེ་རྣམས་ནས་ལོ་ཏོག་གི་རྙིང་རུལ་ལམ་བེད་མེད་རྩྭ་སོག་རྣམས་མེར་སྲོག་ཕོན་ཆེན་གཏོང་བའི་དུས་ཁེལ་ཡོད་པར་བརྟེན། ལྡི་ལིའི་ནང་རླུངས་ཁམས་འབག་བཙོག་འགྱུར་གྱི་ཡོད་འདུག

སྤྱིར་བཏང་རྒྱ་གར་གྱི་བྱང་ཕྱོགས་ཀྱི་མངའ་སྡེ་དེ་དག་གི་ནང་ཕྱི་ཟླ་༡༠ པ་ནས་༡་བར་རླུངས་ཁམས་འབག་བཙོག་ཆེ་ཤོས་འགྱུར་བའི་དུས་ཤིག་ཡིན་འདུག་ལ། དེ་དུས་སློབ་གྲྭ་དང་ཚོང་ཁང་། བཟོ་གྲྭ། ལས་ཁུངས་སོགས་མང་པོ་ཞིག་དུས་ནས་དུས་སུ་སྒོ་རྒྱག་དགོས་འབྱུང་གི་ཡོད་འདུག ལྡི་ལིའི་རླུངས་ཁམས་ནང་ཐལ་རྡུལ་ཕོན་ཆེན་ཡོད་པའི་རྐྱེན་གྱིས་མི་མང་གི་འཕྲོད་བསྟེན་ལ་གནོད་པ་ཧ་ཅང་གི་ཆེན་པོ་ཡོད་ཚུལ་བརྗོད་འདུག་ལ། དམིགས་བསལ་གློ་བའི་ནང་ནད་རིགས་འདྲ་མིན་ཡོང་རྒྱུའི་ཉེན་ཁ་ཡོད་འདུག རྒྱ་གར་དབུས་གཞུང་ནས་ཉིན་གཅིག་གི་ནང་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ནས་རླུངས་ཁམས་ཀྱི་ཚད་གཞི་ཧ་ཅང་སྐྱོ་བོར་འགྱུར་གྱི་ཡོད་པར་བརྗོད་འདུག་ལ། ཚད་གཞི་དེ་༣༠༠ ནས་༤༠༠ ཙམ་སླེབས་ན་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡིན་པར་བརྗོད་འདུག ལྡི་ལི་གཞུང་གིས་མི་མང་ཚོ་ཁྱིམ་ནང་གང་མང་སྡོད་པ་ལས་ཕྱི་ཕྱོགས་སུ་འགྲོ་རྒྱུ་ཉུང་དུ་གཏོང་ཐུབ་ན་ཡག་པོ་ཡོད་ཚུལ་དང་། རྡོ་སོལ་དང་ས་སྣུམ། ཤིང་སོགས་མེ་སྲེག་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་འདུག་ཀྱང་། མངའ་སྡེ་གཞན་གྱི་ནང་ནས་ཡོང་བའི་དུ་རླངས་སོགས་ཀྱིས་ལྡི་ལིའི་ནང་བཀག་འགོག་བྱེད་རྒྱུར་ཁག་པོ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།