རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འགྲོ་སྐྱོད་ཀྱི་བཀག་རྒྱ་བཏང་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་དེ་འཛམ་གླིང་ནང་ཛ་དྲག་ཤོས་སུ་ཆགས་བཞིན་པའི་སྐབས་དེར། རྒྱལ་ས་ལྡི་ལིར་ཉིན་གྲངས་དྲུག་གི་རིང་འགྲོ་སྐྱོད་ཀྱི་བཀག་རྒྱ་བཏང་འདུག་པ་དང་། ལྡི་ལི་དང་མངའ་སྡེ་གཞན་མང་པོ་ཞིག་གི་སྨན་ཁང་ནང་ཏོག་ནད་ཕོག་མཁན་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག
ཟླ་༤ པའི་ཚེས་༡༩ ཉིན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཚེས་༡༩ ཡི་དགོང་མོའི་ཆུ་ཚོད་༡༠ པ་ནས་ཚེས་༢༦ གི་ཞོགས་པའི་ཆུ་ཚོད་༥ པ་བར་ལྡི་ལིའི་ནང་འགྲོ་སྐྱོད་བཀག་རྒྱ་གཏོང་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཁོང་རང་ཉིད་ནི་འགྲོ་སྐྱོད་བཀག་རྒྱ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་ཡང་། ཐག་གཅོད་དེ་འདྲ་མི་བྱེད་ཐབས་མེད་ཡིན་པ། བཀག་རྒྱའི་དུས་སྐབས་སུ་ཏོག་དབྱིབས་ཁྱབ་གདལ་བཀག་འགོག་དང་། སྨན་ཁང་ཁག་ཏུ་ཉལ་ཁྲི་དང་སྨན། སྲོག་རླུང་སོགས་ཀྱི་མཐུན་རྐྱེན་མང་དུ་གཏོང་ཐུབ་རྒྱུ་ཡིན་པས། ཚང་མས་ཉིན་གྲངས་དྲུག་རིང་བཀག་རྒྱ་བརྩི་སྲུང་བྱེད་དགོས་པའི་རེ་སྐུལ་བྱས་སོང་།
ལོ་སྔོན་མར་རྒྱ་གར་དབུས་གཞུང་གིས་གློ་བུར་དུ་རྒྱ་གར་རྒྱལ་ཡོངས་སུ་འགྲོ་སྐྱོད་བཀག་རྒྱ་བཏང་རྐྱེན། མངའ་སྡེ་གཞན་ནས་ཡོང་མཁན་གྱི་ཉིན་གླའི་ལས་མི་ཁྲི་ཕྲག་མང་པོར་དཀའ་ངལ་ཆེན་པོ་འཕྲད་ནས། རང་ཁྱིམ་དུ་གོམས་པ་བརྒྱབ་ནས་ལོག་དགོས་བྱུང་ཡོད་ཁར། མང་པོ་ཞིག་གི་ཚེ་སྲོག་ཤོར་བ་བྱུང་ཡོད་པས། ཐེངས་འདིར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་ཉིན་གླའི་ལས་མི་རྣམས་ལ། རང་ཉིད་ཀྱི་གྲོང་གསེབ་ཏུ་མི་ལོག་པའི་རེ་སྐུལ་བྱས་ཏེ། གཞུང་ནས་ཁོང་ཚོར་མཐུན་སྦྱོར་རོགས་རམ་བྱེད་རྒྱུ་ཡིན་སྐོར་བརྗོད་སོང་།
ཟླ་༤ པའི་ཚེས་༡༥ ནས་བཟུང་རྒྱ་གར་ནང་ཉིན་རེར་ཏོག་ནད་གྲངས་འབུམ་གཉིས་ལས་མང་བ་ཐོན་བཞིན་ཡོད་ཁར། ཚེས་༡༨ ཉིན་འབུམ་གཉིས་དང་ཁྲི་བདུན་ལས་མང་བ་ཐོན་ནས། འཛམ་གླིང་ནང་ཉིན་རེའི་ཏོག་ནད་ཐོན་གྲངས་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་ཆགས་ཡོད་པ་དང་། རྒྱལ་ས་ལྡི་ལིར་མཚོན་ན་བདུན་ཕྲག་གཅིག་ཙམ་གྱི་སྔོན་ནས་ཉིན་རེར་ནད་པའི་གྲངས་ཁྲི་གཅིག་ལས་མང་བ་ཐོན་བཞིན་ཡོད་ཁར། ཚེས་༡༨ ཉིན་ཁྲི་གཉིས་དང་ལྔ་སྟོང་ལས་མང་བ་ཐོན་ཡོད་འདུག་པས། ལྡི་ལིའི་སྨན་ཁང་ཁག་གི་ནང་ཉལ་ཁྲི་གཅིག་ལ་ཏོག་ནད་ཕོག་མཁན་གཉིས་རེ་ཉལ་དགོས་པ་དང་། སྲོག་རླུང་གི་མཐུན་རྐྱེན་མི་འདང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཡོད་ཀྱང་། མངའ་སྡེ་ཁག་ཅིག་ནང་འོས་བསྡུ་དང་འབྲེལ་ནས། ཆབ་སྲིད་པ་ཚོས་མི་མང་ཕོན་ཆེན་བསྐོངས་ནས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་དང་། མི་མང་འབུམ་ཕྲག་མང་པོ་འདུ་མཛོམས་ཀྱིས་ཆོས་ལུགས་བྱེད་སྒོ་ཡང་སྤེལ་ཡོད་པ་རེད་པས། དེ་དག་ལ་བརྟེན་ནས་གནས་སྟངས་ཛ་དྲག་ཏུ་འགྲོ་ངེས་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།