རྒྱ་གར་གྱི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པར་ཉེས་འཛུགས།

14031189_1231055620251638_1953608093_nཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྒྱ་གར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྡུག་བསྔལ་གྱིས་མནར་བའི་ནང་མི་ཞེས་པའི་གཏམ་བཤད་ཅིག་གོ་སྒྲིག་བྱས་འདུག་པ་དང་། དེར་རྒྱ་གར་བྱང་ཕྱོགས་ཀ་ཤི་མིར་ནས་ནང་མི་གསུམ་སྐད་བཏང་ནས། ཁོ་ཚོས་ས་གནས་དེར་རྒྱ་གར་བདེ་སྲུང་རུ་ཁག་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གཉའ་གནོན་མྱངས་པའི་ལོ་རྒྱུས་བཤད་རྒྱུ་བྱས་འདུག་ཀྱང་། རྙིང་ཞེན་རྒྱལ་ཞེན་ཚོགས་མི་མང་པོས་གཏམ་བཤད་དེར་མཉམ་ཞུགས་བྱས་ནས་རྩོད་བརྒྱབ་པ་སོགས་གཏམ་བཤད་ཡག་པོ་བྱེད་བཅུག་མེད་འདུག གཏམ་བཤད་རྗེས་རྒྱ་གར་བྷེ་ཇེ་བྷེ་སློབ་ཕྲུག་ཚོགས་པ་དང་ཚོགས་མི་ཚོས་གཏམ་བཤད་དེར་རྒྱལ་ཁབ་དང་འགལ་ཟླ་འགྲོ་བའི་སྐད་འབོད་བྱས་པའི་ཉེས་འཛུགས་དང་ངོ་རྒོལ་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་དུས་བབ་སྟེང་གི་གནས་ཚུལ་ལ་གཞིགས་ན། བྷེང་ལོར་ཉེན་རྟོག་པས་ཉེས་འཛུགས་དེར་ངོས་ལེན་བྱས་ནས་ཐོ་འགོད་བྱས་འདུག་ཀྱང་། ད་བར་མི་སྣ་སུ་གང་འཇུ་བཟུང་བྱས་མེད་འདུག ཉེས་འཛུགས་ཀྱི་ཐོ་འགོད་ནང་རྒྱལ་ཁབ་ལ་གྱེན་ལོག ཁྲིམས་འགལ་གྱི་འདུ་འཛོམས། འཁྲུག་ཟིང་སློང་བ་བཅས་ཀྱི་ཉེས་པ་བཀོད་ཡོད་འདུག

རྒྱ་གར་ནང་ལ་ཀ་ཤེ་མིར་གྱི་གནས་ཚུལ་དེ་ནི་ཚོར་བ་རྣོན་པོ་ཞིག་ཡིན་ཁར། ཉེ་བའི་ཆར་ས་གནས་དེ་གར་དྲག་པོའི་གྱེན་ལངས་རུ་ཁག་གི་འགོ་ཁྲིད་ཅིག རྒྱ་གར་བདེ་སྲུང་རུ་ཁག་གིས་བསད་པས། མི་མང་པོས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། གནས་སྟངས་དེ་ལ་བརྟེན་ནས་ས་གནས་དེར་བདེ་སྲུང་མི་སྣས་ཛ་དྲག་གི་ཁྲིམས་ལག་ལེན་བསྟར་ཡོད་ཀྱང་། མི་མང་གིས་ངོ་རྒོལ་མུ་མཐུད་བྱས་ནས་བདེ་སྲུང་མི་སྣ་དང་གདོང་ཐུག་ཐེངས་མང་བྱུང་ཡོད་པ་རེད། དེ་བཞིན་ས་གནས་དེ་གའི་གསར་ཁང་ཁག་ལ་གསར་ཤོག་པར་སྐྲུན་ཉིན་ཤས་བྱེད་མ་བཅུག་པས། རྒྱ་གར་གྱི་ས་གནས་གཞན་གྱི་གསར་འགོད་པས། བྱ་སྤྱོད་དེར་ངོ་རྒོལ་ཆེན་པོ་བྱས་ནས། གནས་ཚུལ་དེ་ཚབས་ཆེ་རུ་ཕྱིན་ཡོད་པ་རེད།

ཀ་ཤེ་མིར་ལ་རྒྱ་གར་གྱི་བདེ་སྲུང་རུ་ཁག་གིས་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་སྟངས་དེར། ངོ་རྒོལ་བྱེད་མཁན་དག་ལ་རྒྱ་གར་གྱི་རྙིང་ཞེན་རྒྱལ་ཞེན་ཚོགས་པའི་ཚོགས་མི་དང་ལྟ་བ་ཁྱེར་མཁན་ཚོས། རྒྱལ་ཁབ་ལ་གྱེན་ལོག་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཐེངས་ཁ་ཤས་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།