རྒྱ་གར་གྱི་ས་གནས་ཁག་གཉིས་ལ་མེ་སྐྱོན་གྱིས་མི་༣༤ཙམ་སྲོག་སྐྱོན་བྱུང་འདུག།

རྒྱ་གར་གྱི་དུས་བབ་པར།

རེས་གཟའ་སྤེན་པ་ཉིན་ལ་རྒྱ་གར་གྷུ་ཇི་ར་ཐིའི་ས་ཆ་ར་ཇ་ཀོ་ཊ་Rajkot ཟེར་བའི་རྩེད་མོ་རྩེད་སའི་ས་ཆ་ཞིག་དང་རྒྱལ་ས་ལྡི་ལི་Delhi ཡི་སྨན་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཁྱོན་བསྡོམས་མི་༣༤ གྲོངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༦ ཉིན་Times of India ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༥ ཡི་ཉིན་རྒྱབ་ར་ཇ་ཀོ་ཊ་ཡི་རྩེད་མོ་རྩེད་སའི་ས་ཆ་TRP Game Zone ལ་དབྱར་ཁའི་གུང་སེང་དང་སྟབས་བསྟུན་ནས་མི་༣༠༠ ཙམ་ཞིག་སླེབས་ཡོད་འདུག་པ་དང་། དེར་མེ་སྐྱོན་བྱུང་ནས་བྱིས་པ་༩ དང་བཅས་ཁྱོན་བསྡོམས་མི་༢༧ འདས་གྲོངས་སུ་གྱུར་ཡོད་འདུག རྩེད་མོ་རྩེ་ས་དེའི་སྦྱིན་བདག་གིས་བཤད་པ་ལྟར་ན། ཉེ་འདབས་སུ་ཚ་ལའི་ལས་ཀ་བྱེད་སྐབས་མེ་ཚག་འཐོར་བས་མེ་འབར་ཡིན་སྲིད་པར་བཤད་ཡོད་འདུག དགོང་མོའི་ཆུ་ཚོད་༦ པ་ལ་མེ་ཤོར་ནས་མི་ཚོགས་ཟང་ངེ་ཟིང་ངེ་ཆགས་ཡོད་པ་དང་དེའི་དཀྱིལ་མི་མང་པོ་ཞིག་བྲོས་ཐར་འདུག་ཀྱང་། གཞན་མང་པོ་ཞིག་རྩེད་ཆས་ཀྱི་ཅ་དངོས་ཞིག་པའི་བར་ལུས་ཡོད་འདུག མེ་གསོད་རུ་ཁག་མི་༡༠ ཡིས་ཆུ་ཚོད་༡ གི་རྗེས་སུ་མེ་བསད་ཐུབ་ཡོད་འདུག རྗེས་སུ་ཉེན་སྐྱོབ་པས་མེ་ཤོར་སར་འཚོལ་སྐབས་མི་མང་པོ་ཞིག་གི་གཟུགས་པོ་མེས་འཚིགས་ཏེ་ནག་པོར་གྱུར་པས་ངོ་ཤེས་དཀའ་བར་ཆགས་ཡོད་འདུག ཁོང་ཚོས་ཌི་ཨེན་ཨེ་DNA བརྒྱུད་ནས་མི་ངོ་ཤེས་ཐུབ་པ་བྱེད་རྒྱུར་ཐག་བཅད་ཡོད་འདུག
ར་ཇ་པོ་ཊ་གྲོང་སྡེའི་ཚོགས་པ་Rajpot Municipal Corporation ཡི་ཚོགས་གཙོ་ཐ་ཀར་Dr Jaymin Thaker ལྟར་ན། རྩེད་མོ་འདི་གྲོང་སྡེ་ལས་ཁུངས་ཀྱི་ཆོག་མཆན་མེད་པའི་ཐོག་ཟླ་བ་༡༨ རིང་རྩེད་མོ་བརྩེས་ཡོད་འདུག རྩེད་མོའི་བདག་པོ་སོ་ལན་ཀིས་Yuvraj Singh Solanki གཞན་ལ་འབྲེལ་ལམ་མ་བྱས་ནས་གབ་ཀྱང་། མཐར་སོ་ལན་ཀི་དང་འགན་འཛིན་གཞན་གཉིས་བཅས་ཉེན་རྟོག་པས་འཛིན་གཟུང་བྱས་ཡོད་འདུག སྤྱི་ཚོགས་དྲ་རྒྱ་X ཐོག་སྲིད་བློན་མོ་ཌི་Narendra Modi ཡིས་ “ར་ཇ་ཀོ་ཊ་ལ་མེ་ཡི་ཆག་སྒོ་བྱུང་བར་ཧ་ཅང་གིས་སེམས་སྡུག་བྱུང་ཚུལ་དང་། རྨས་སྐྱོན་ཕོག་མཁན་ཡོངས་ལ་སྨོན་ལམ་དང་ས་གནས་འཛིན་སྐྱོང་གིས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་ཚོར་མཐུན་འགྱུར་རོགས་རམ་བྱེད་དགོས་པར་བྲིས་འདུག་ལ། གཞན་ཡང་གནས་ཚུལ་དེ་ལྟར་བྱུང་བར་ང་ཚོ་ཚང་མས་བློ་ཕམ་བྱེད་ཀྱི་ཡོད་པ་དང་། གྷུ་ཇི་ར་ཐི་ཡི་སྤྱི་ཁྱབ་བློན་ཆེན་པ་ཊེལ་Bhupendhrabhai Patel དང་ལྷན་དུ་ཁ་པར་ཐོག་ལབ་གླེང་བྱུང་སྟེ། ཁོས་ངེས་པར་དུ་གནོད་སྐྱོན་ཕོག་མཁན་ཡོངས་ལ་གང་ཐུབ་ཅི་ཐུབ་གྱིས་མཐུན་འགྱུར་རོགས་རམ་སྤྲོད་ཐུབ་པ་བྱེད་བཞིན་ཡོད་སྐོར་བྲིས་འདུག
གཞན་ཡང་ལྡི་ལི་ཡི་Vivek Vihar ལ་ཡོད་པའི་ཕྲུ་གུའི་སྨན་ཁང་Baby Care New Born Hospital ལ་ཆུ་ཚོད་༡༡ཿ༣༠ ཙམ་ལ་མེ་རླབས་ཆེན་པོ་འབར་ནས་ཉེ་འདབས་ཀྱི་ཁང་པ་གཉིས་ལ་ཡང་མེས་ཁྱབ་ཡོད་འདུག དེའི་རྐྱེན་གྱིས་ཕྲུ་གུ་མ་འབྱར་༧ གྲོངས་ཡོད་འདུག མེ་གསོད་མཁན་མི་༡༦ ཡོད་ཀྱང་མེ་ཡིས་འཚིག་སྐྱོན་ཆེན་པོ་བཟོས་མ་ཚར་བར་དུ་མེ་བསད་ཐུབ་མི་འདུག མེ་གསོད་རུ་ཁག་གཞན་ཞིག་གིས་བཤད་པ་ལྟར་ན། མེ་དེས་དཔེ་གསར་ཚོང་ཁང་གཉིས་དང་། དངུལ་ཁང་གཅིག ཚོང་ཁང་གཅིག ནད་པ་འདྲེན་འཁོར་གཅིག བུ་མོའི་སྦག་སྦག་གཅིག་བཅས་ལ་སྐྱོན་བཟོས་ཡོད་འདུག
DFS ཡི་འགན་འཛིན་ཨ་ཏུལ་Atul Garg གྱི་བཤད་པ་ལྟར་ན། ཕྲུ་གུ་མ་འབྱར་༡༢ ཉེན་ཀ་ལས་སྐྱོབ་ཐུབ་ཡོད་ཀྱང་ཕྲུ་གུ་༧ རྨས་སྐྱོན་ཆེ་དྲགས་པས་སྐྱོབ་ཐུབ་མི་འདུག ལྡི་ལི་ཉེན་རྟོག་པས་རེས་གཟའ་ཉི་མར་ཕྲུ་གུའི་སྨན་ཁང་བདག་པོ་དེ་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་གཡང་འཛོམ།