རྒྱ་གར་གྱི་སྔོན་འགོག་སྨན་ཁབ་གཅིག་ལ་མིའི་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་འདུག 

ཟླ་༦ པའི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་ཚོང་ལས་ཁང་(Bharat Biotech) ཡིས་བཟོ་སྐྲུན་བྱས་པའི་སྔོན་འགོག་སྨན་ཁབ་གཅིག ཚོད་ལྟའི་རིམ་པ་དང་པོ་དང་གཉིས་པར་གྲུབ་འབྲས་ཐོན་ནས། ཚོད་ལྟ་རིམ་པ་གསུམ་པ་སྟེ་མིའི་ཐོག་དངོས་སུ་བྱེད་པའི་ཆོག་མཆན་ཐོབ་འདུག 

དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧཱེ་ཌར་བྷཌ་(Hyderbad) ལ་ཡོད་པའི་ཚོང་ལས་ཁང་(Bharat Biotech) ཡིས། རྒྱ་གར་གྱི་ནད་འབུ་དཔྱད་རིགས་ལྟེ་གནས་ཁང་(National Institute of Virology) དང་རྒྱ་གར་གྱི་གསོ་སྨན་ཞིབ་འཇུག་ལྷན་ཚོགས་(Indian Council of Medical Research) བཅས་དང་མཉམ་ལས་ཀྱིས། སྔོན་འགོག་སྨན་ཁབ་Covaxin ཞེས་པ་དེར་ཞིབ་འཇུག་དང་བཟོ་སྐྲུན་བྱས་པ་ཡིན་འདུག ད་ལྟའི་ཆར་རྒྱ་གར་ནང་ཚོང་ལས་ཁང་དྲུག་ལྷག་གིས་སྔོན་འགོག་སྨན་ཁབ་ཐོག་ཞིབ་འཇུག་དང་ཚོད་ལྟ་བྱེད་བཞིན་འདུག་པ་དང་། རྒྱ་གར་གྱི་སྨན་སྟངས་འཛིན་ལས་ཁུངས་ནས་མིའི་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་མཁན་སྨན་ཁབ་དང་པོ་དེ་Covaxin རེད་འདུག 

ཟླ་༧ པ་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་དང་བླངས་པ་ཚོའི་ཐོག་ཏུ་སྨན་ཁབ་དེ་བེད་སྤྱོད་བྱེད་རྒྱུ་ཡིན་འདུག 

ད་ལྟའི་ཆར་རྒྱལ་སྤྱིའི་ནང་སྔོན་འགོག་སྨན་ཁབ་བཟོ་སྐྲུན་དང་ཚོང་འགྲེམ་བྱེད་མཁན་ཆེ་ཤོས་དེ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་པུ་ནཱེ་ནང་དུ་ཡོད་པའི་(Serum Institute of India) ཡིས། དབྱིན་ཡུལ་གྱི་ཨོག་སེ་ཧྥོར་ཌ་(Oxford) གཙུག་ལག་སློབ་ཁང་དང་མཉམ་ལས་ཀྱིས། སློབ་ཁང་དེས་བཟོ་སྐྲུན་བྱས་པའི་སྔོན་འགོག་སྨན་ཁབ་ཕོན་ཆེན་བཟོ་སྐྲུན་བྱེད་རྒྱུ་བྱས་ཡོད་འདུག གཙུག་ལག་སློབ་ཁང་དེས་བཟོ་སྐྲུན་བྱས་པའི་སྔོན་འགོག་སྨན་ཁབ་དེར་དབྱིན་གཞུང་གིས་རྒྱབ་སྐྱོར་ཡང་ཡོད་པ་རེད་འདུག

ཆེད་ལས་པ་ཕལ་ཆེ་བས་ཕྱི་ལོ་༢༠༢༡ ལོའི་ལོ་དཀྱིལ་དུ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཀྱི་ཚོད་ལྟར་གྲུབ་འབྲས་ཐོན་ནས། དངོས་སུ་ཚོང་འགྲེམ་བྱེད་རྒྱུ་ཡོང་སྲིད་སྐོར་བརྗོད་བཞིན་འདུག 

སྔོན་འགོག་སྨན་ཁབ་གཅིག་དངོས་སུ་གྲུབ་འབྲས་ཐོན་ཚེ། དེ་འཛམ་གླིང་རྒྱལ་ཁབ་ཡོངས་སུ་བཟོ་སྐྲུན་བྱེད་ཆོག་པ་དང་མི་མང་ལ་རིན་མེད་ཐོག་བགོ་འགྲེམ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པས། འཛམ་གླིང་གི་འགོ་ཁྲིད་དང་ཚོང་ལས་འགོ་ཁྲིད་སོགས་ནས་སྔོན་འགོག་སྨན་ཁབ་ཉམས་ཞིབ་ལ་རྟོག་ཞིབ་དང་སྨན་ཁབ་གྲུབ་འབྲས་ཐོན་སྐབས། རྒྱལ་ཁབ་དང་མི་མང་ཚང་མར་ཐོབ་རྒྱུ་ཡོད་པ་བཟོ་དགོས་པའི་འབོད་སྐུལ་ཞིག ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་Muhammad Yunus ཡིས་བྲིས་འདུག་པ་དང་། དེར་རྒྱབ་སྐྱོར་གྱི་མིང་རྟགས་འགོད་མཁན་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་༡༨ དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཟུར་པ་༣༢། དེ་བཞིན་ཚོང་པ་དང་སྒྱུ་སྩལ་བ་སོགས་ཁྱོན་བསྡོམས་མི་སྣ་གྲགས་ཅན་༡༠༥ བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།