རྒྱ་གར་སྲིད་བློན་གྱིས་ཉི་ཧོང་དུ་གཟིགས་སྐོར་གནང་།
ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མུ་དྷི་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་དུ་འབྱོར་ཡོད་པ་དང་། ཕྱི་ཚེ་༢༤ ཉིན་སྟོབས་ཆེན་རྒྱལ་ཁབ་བཞིའི་ལྷན་ཚོགས་ཀྱི་ཐོག་ཏུ་མཉམ་ཞུགས་བྱེད་རྒྱུ་རེད་འདུག
ཚེས་༢༣ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཉི་ཧོང་གི་ཚོང་པ་ཁག་གཅིག་དང་། དེ་བཞིན་ཉི་ཧོང་དུ་ཡོད་པའི་རྒྱ་གར་བ་ཚོ་དང་ཐུག་འཕྲད་བྱེད་རྒྱུ་རེད་འདུག ད་ལྟའི་ཆར་ཉི་ཧོང་དུ་རྒྱ་གར་བ་ཁྲི་བཞི་ལྷག་ཡོད་པ་མ་ཟད། འདས་པའི་མི་ལོ་བརྒྱད་ཀྱི་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་ཉི་ཧོང་དུ་ཕེབས་པ་ཐེངས་ལྔ་པ་དེ་ཡིན་པ་རེད།
ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་བཞིའི་ལྷན་ཚོགས་ཀྱི་ཐོག་ཏུ་ཨ་རི་སྲིད་འཛིན་བྷ་ཌན་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི། ཉི་ཧོང་གི་སྲིད་བློན་དང་གསར་དུ་འོས་འདེམས་བྱུང་བའི་ཨོ་སི་ཁྲི་ལི་ཡའི་སྲིད་བློན་བཅས་མཉམ་ཞུགས་བྱས་ནས་གནམ་གཤིས་འགྱུར་ལྡོག་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་བདེ་འཇགས། ཡུག་རེན་གྱི་གནས་སྟངས་དེས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་ལ་ཤུགས་རྐྱེན་སོགས་ཀྱི་ཐོག་ལ་བསམ་ཚུལ་རྗེ་ལེན་བྱེད་རྒྱུ་རེད་འདུག
ལོ་འདིའི་ཕྱི་ཟླ་༤ པའི་ནང་དུ་རྒྱ་ནག་དང་སོ་ལོ་མོན་གླིང་ཚོམས་གཉིས་ཀྱི་བར་དུ་བདེ་འཇགས་ཀྱི་ཆིངས་ཡིག་ཅིག་བཞག་པར་བརྟེན། ཨ་རི་དང་ཉི་ཧོང་། ཨོ་སི་ཁྲི་ལི་ཡ་སོགས་ཀྱིས་སེམས་ཚབ་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་འཆར་གྱི་དམག་སྦྱོང་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཉི་ཧོང་དང་ཨོ་སི་ཁྲི་ལི་ཡ། ཨ་རི་སོགས་ཀྱིས་སེམས་ཚབ་བྱེད་བཞིན་ཡོད་པར་བརྟེན་ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་བཞིའི་ལྷན་ཚོགས་དེ་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་རེད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།