རྒྱ་གར་གྱི་སྲིད་བློན་ཐེངས་དང་པོར་ཨི་སི་རིལ་ལ་བསྐྱོད་པ།

རྒྱ་གར་གྱི་སྲིད་བློན་མོ་ཌི་ཨི་སི་རིལ་རྒྱལ་ཁབ་དུ་བསྐྱོད་ནས། ཕྱོགས་གཉིས་བར་དཔལ་འབྱོར་དང་དམག་དོན་སོགས་ཀྱི་གྲོས་མཐུན་དང་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་དང་། ཁོང་ནི་ད་བར་ཨི་སི་རིལ་དུ་བསྐྱོད་མཁན་རྒྱ་གར་གྱི་སྲིད་བློན་ཐོག་མ་དེ་ཆགས་ཡོད་པ་རེད་འདུག

ཟླ་༧ པའི་ཚེས་༥ ཉིན་རྒྱ་གར་གྱི་སྲིད་བློན་མོ་ཌི་ཨི་སི་རིལ་དུ་ཉིན་གཉིས་རིང་གི་སྐོར་སྐྱོད་ཆེད་འབྱོར་ཡོད་པ་དང་། ཨི་སི་རིལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཏན་ཡ་ཧུ་ཡིས། དུས་རྒྱུན་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུའི་སྲིད་འཛིན་ལ་མཐོང་ཆེན་ཐོག གནམ་ཐང་དུ་གདན་ཞུ་བྱེད་པར་སླེབས་ཡོད་པ་དང་། ཉིན་གཉིས་ཀྱི་མཛད་རིམ་མང་ཆེ་བའི་ནང་ཁོང་གཉིས་མཉམ་དུ་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཕྱོགས་གཉིས་ཀྱིས་ཞིང་ལས་ཐོན་སྐྱེད་དང་བར་སྣང་ལས་རིམ་ཐོག་ལ་གྲོས་མཐུན་གྱི་མིང་རྟགས་བཀོད་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ནང་འཇིགས་སྐུལ་རིང་ལུགས་པ་དང་ལྟ་བ་ཕྱོགས་ལྷུང་ཁྱབ་སྤེལ། དེ་བཞིན་དྲ་ཐོག་གི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་མཉམ་དུ་འཐབ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་བཏང་བྱས་ན་རྒྱལ་ཁབ་དེ་གཉིས་བར་གཞུང་འབྲེལ་གྱི་འབྲེལ་ལམ་ཕྱི་ལོ་༡༩༩༢ ལོ་ནས་འགོ་འཛུགས་བྱས་ཡོད་འདུག་ཀྱང་། རྒྱ་གར་ནང་དུ་ཁ་ཆེ་ཆོས་ལུགས་ཀྱི་མི་མང་ཕོན་ཆེན་ཡོད་ཁར། རྒྱ་གར་གྱི་སྣུམ་སོགས་ཀྱི་ཚོང་ལས་ཕལ་ཆེ་བ་ཨ་རབ་རྒྱལ་ཁབ་ཁག་དང་བྱེད་ཀྱི་ཡོད་པས། ཨ་སི་རི་ལ་དང་འབྲེལ་ལམ་བཏང་སྙོམ་བཞག་པ་ལས་མངོན་གསལ་དོད་པོའི་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་མེད་པ་རེད། ཐེངས་འདིའི་སྲིད་བློན་མོ་ཌི་ཡི་སྐོར་སྐྱོད་དེས། རྒྱ་གར་གྱིས་ཨི་སི་རིལ་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་རྣམ་པ་མངོན་གྱི་ཡོད་འདུག དེ་བཞིན་དེ་སྔོན་ཕྱོགས་གཉིས་བར་ཨ་སྒོར་ས་ཡ་༢༠༠ ལྷག་གི་ཚོང་འབྲེལ་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་༢༠༡༦ ལོ་སླེབས་དུས་ཕྱོགས་གཉིས་བར་ཨ་སྒོར་འཐེར་འབུམ་༤.༡༦ ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ཆར་ནས་ཨི་སི་རིལ་དེ་རྒྱ་གར་ལ་གོ་ལག་མཁོ་སྤྲོད་བྱེད་མཁན་གལ་ཆེན་ཞིག་ཆགས་ཡོད་འདུག་པས། ཕྱི་ལོ་༢༠༡༧ ལོའི་ཟླ་༤ པའི་ནང་ཕྱོགས་གཉིས་བར་བར་སྣང་དང་མེ་ཤུགས་འཕུར་མདའི་གོ་ལག་གི་གྲོས་མཐུན་ཨ་སྒོར་འཐེར་འབུམ་༢ ཀྱི་གྲོས་མཐུན་མིང་རྟགས་བཀོད་ཡོད་འདུག
དེ་བཞིན་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུའི་ལས་འགན་ཡོད་པར་ངོས་འཛིན་བྱས་ཡོད་པས། ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནང་ཡར་རྒྱས་ཆེད་འགྲོ་སོང་གཏོང་རྒྱུར་མོས་མཐུན་བྱས་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།