རྒྱ་གར་གྱི་སྲིད་བློན་མོ་དྷིའི་སྲིད་བློན་གྱི་དུས་ཡུན་གསུམ་པའི་དམ་འབུལ་མཛད་སྒོ་འཚོགས།

ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་སྲིད་བློན་གྱི་དུས་ཡུན་གསུམ་པའི་དམ་འབུལ་ཞུས་ཡོད་པ་དང་། ཁོང་ནི་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུའི་རྗེས་ཀྱི་སྲིད་བློན་གྱི་དུས་ཡུན་ཐེངས་གསུམ་བཞེས་མཁན་ཐོག་མ་དེ་གྱུར་ཡོད་འདུག

པར། Mint

ཟླ་འདིའི་ཚེས་༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧།༡༥ ཐོག་ཉེ་ཆར་གསར་དུ་འདེམས་ཐོན་བྱུང་བའི་སྲིད་བློན་མོ་དྷིའི་དམ་འབུལ་མཛད་སྒོ་དབུ་འཛུགས་གནང་ཡོད་འདུག ཐེངས་འདིའི་དམ་འབུལ་མཛད་སྒོའི་ཐོག་རྒྱ་གར་གྱི་ཁ་གཏད་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་འགོ་ཁྲིད་ཕུད། ཤྲི་ལངྒ་དང་མལ་ཌེབ་སི་གཉིས་ཀྱི་སྲིད་འཛིན་དང་། བྷང་ལ་དྷེ་ཤེ་དང་འབྲུག་ཡུལ། བལ་ཡུལ་དང་མོ་རེ་ཤེ་ཡ་སོགས་ཁྱིམ་མཚེས་རྒྱལ་ཁབ་༧ གྱི་ཆེས་མཐོའི་འགོ་ཁྲིད་དང་།  རྒྱལ་ཁབ་ཁག་གི་སྐུ་ཚབ་དང་རྒྱལ་ནང་གི་གློག་བརྙན་འཁྲབ་སྟོན་པ་དང་ཚོང་པ་འབྱོར་ལྡན་ཅན་སོགས་མི་གྲངས་བརྒྱད་སྟོང་ཙམ་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་མཛད་སྒོའི་ཐོག་སྲིད་བློན་མོ་དྷིས་སྲིད་བློན་གྱི་དམ་འབུལ་ཞུས་ཡོད་པ་དང་། སྔོན་ཆད་རྒྱ་གར་གྱི་ལོ་རྒྱུས་ནང་སྲིད་བློན་གྱི་དུས་ཡུན་ལོ་གསུམ་བསྟུད་མར་བཞེས་མཁན་རྒྱ་གར་གྱི་སྲིད་བློན་ཐོག་མ་ནེ་རུ་མ་གཏོགས་ད་བར་བྱུང་མྱོང་མེད་པ་རེད་འདུག དེ་བཞིན་ཁ་སང་དམ་འབུལ་མཛད་སྒོའི་ཐོག་ཏུ་འཛིན་སྐྱོང་ལས་ཁུངས་ཀྱི་བློན་ཆེན་༣༠ དང་མངའ་སྡེའི་བློན་ཆེན་༣༦། དེ་བཞིན་རང་སྐྱོང་ལྡན་པའི་མངའ་སྡེའི་བློན་ཆེན་༥ བཅས་ཁྱོན་བསྡོམས་བློན་ཆེན་༧༡ གིས་དམ་འབུལ་ཞུས་འདུག
རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། བློན་ཆེན་ལྷན་ཚོགས་ཀྱི་འཐུས་མི་ཁྱོན་བསྡོམས་ནི་གྲོས་ཚོགས་འོག་མའི་སྤྱི་འཐུས་ཀྱི་གྲངས་ཚད་ཀྱི་བརྒྱ་ཆ་༡༥% ལས་བརྒལ་མི་ཆོག་པ་དང་། སྐབས་བཅོ་བརྒྱད་པའི་གྲོས་ཚོགས་འོག་མའི་འཐུས་མིའི་གྲངས་འབོར་ནི་༥༤༣ ཡིན་པས་བློན་ཆེན་ལྷན་ཚོགས་ཀྱི་འཐུས་མིའི་གྲངས་འབོར་བརྒྱད་ཅུ་གྱ་གཅིག་ལས་བརྒལ་ཆོག་གི་མེད་པ་རེད་འདུག
གཞན་ཡང་། རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་འདེམས་པར་འོས་བསྡུའི་ཁྲོད་ནས་གྲོས་ཚོགས་ཀྱི་ཞབས་སྟེགས་ལས་བརྒྱ་ཆ་༡༠ ཐོབ་དགོས་ཤིང་། དེ་སྔོན་ཕྱི་ལོ་༢༠༡༤ དང་༢༠༡༩ བཅས་སུ་གྲོས་ཚོགས་ཀྱི་ཞབས་སྟེགས་ལས་བརྒྱ་ཆ་བཅུ་མ་ཐོབ་པར་བརྟེན། འདས་པའི་ལོ་ངོ་བཅུའི་རིང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཀྱི་ས་མིག་སྟོང་པ་ལྷག་ཡོད་འདུག ཉེ་ཆར་འོས་བསྡུ་ཆེན་མོའི་ཁྲོད་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ལ་ཡང་རྒྱལ་ཁ་གང་འཚམ་ཐོབ་ནས་འགོ་ཁྲིད་འདེམས་པའི་ཆ་རྐྱེན་ཚང་བས་མི་འགྱང་བར་ཚོགས་པའི་འགོ་ཁྲིད་གཅིག་འདེམས་རྒྱུ་ཡིན་འདུག ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཀྱི་གནས་བབ་ནི་བློན་ཆེན་གྱི་གོ་གནས་དང་མཚུངས་ཤིང་། རྒྱ་གར་ནང་ཚོགས་སྡེ་ཆེ་ཁག་མང་པོའི་འགོ་ཁྲིད་བསྐོ་བཞག་བྱེད་མཁན་ནང་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།