རྒྱ་གར་གྱི་སྲིད་བློན་ཟུར་པ་འདས་གྲོངས་སུ་གྱུར་པར་༧གོང་ས་མཆོག་གིས་ཁོང་གི་ནང་མིར་ཐུགས་གསོའི་གསུང་འཕྲིན་གནང་།
ཟླ་འདིའི་ཕྱི་ཚེས་༢༦ གི་དགོང་མོར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིང་འདས་གྲོངས་སུ་གྱུར་འདུག་པ་བཞིན། ཕྱི་ཚེས་༢༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པོའི་བཟའ་ཟླ་ལྕམ་གུར་ཤ་རན་ཀཽར་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
གསུང་འཕྲིན་གྱི་ནང་དུ། མགོན་པོ་གང་གིས་ཁོང་མོའི་བཟའ་ཟླ་འདས་གྲོངས་སུ་གྱུར་པ་ལ་ཐུགས་སྨོན་གནང་རྒྱུ་ཡིན་པ་དང་། ཡིད་སྐྱོ་བའི་དུས་ཚོད་འདིར་ཁོང་མོའི་ནང་མི་ཡོངས་ལ་སེམས་གསོ་གནང་རྒྱུ་ཡིན་པར་གསུངས་པ་དང་། དེ་བཞིན་༧གོང་ས་མཆོག་སྲིད་བློན་ཟུར་པ་འདས་པོ་ཁོང་དང་ཐུག་འཕྲད་བྱུང་སྐབས་ཁོང་གི་ཐུགས་ཁུར་དང་སློབ་སྟོན་རྣམས་བཀའ་དྲིན་ཆེན་པོ་ཡིན་པ། ཁོང་ནི་མགོན་པོ་གང་གི་གཅེན་པོ་ལྟ་བུར་ཡིན་པའི་ཚོར་སྣང་བྱུང་བ་དང་། ཁོང་ནི་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་པ་ཞིག་དང་། སྤྱིར་རྒྱ་གར་གྱི་ཡར་རྒྱས་དང་། ལྷག་ཏུ་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཐོག་མཛད་རྗེས་གལ་ཆེན་བཞག་གནང་ཡོད་པ། ཁོང་ནི་བོད་མིའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན་པ་དང་། ཁོང་གིས་དགུང་ལོ་ ༩༢ རིང་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་གནང་བ་དེས་ང་ཚོ་ཚང་མར་སེམས་འགུལ་ཐེབས་པ་ཞིག་བྱུང་བས་དེར་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་པ་བཅས་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོས་ཀྱང་འདས་པོ་ཁོང་གི་ལྕམ་གཙོས་པའི་ནང་མི་དང་རྗེས་འཇུག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།