རྒྱ་གར་གྱི་སྲིད་འཛིན་གཞོན་པར་འཚམས་འདྲི་ཞུས་འདུག
༧གོང་ས་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ནས་གསར་དུ་བདམས་ཐོན་བྱུང་བའི་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཇག་ཌིབ་དྷན་ཁར་ལ་འཚམས་འདྲི་གནང་འདུག
ཟླ་༨ པའི་ཚེས་༨ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྐུ་ཞབས་ཇག་ཌིབ་དྷན་ཁར་ (Shri Jagdeep Dhankhar)རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་བའི་ནང་འཁོད་དོན། རྒྱ་གར་གྱི་ངོས་ནས་ལོ་མང་རིང་ཕྱོགས་མང་པོའི་ཐོག་ཡར་རྒྱས་བཏང་གནང་ཡོད་པ་མ་ཟད། ལྷག་པར་ཚན་རིག་འཕྲུལ་ལས་ཐོག་ཡར་རྒྱས་བཏང་གནང་ཡོད། མི་ཚེ་ཕལ་ཆེ་བ་རྒྱ་གར་ནང་བསྡད་ཡོད་པའི་ཆ་ནས། ངོས་ཀྱིས་རང་ཉིད་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༥ འཁོར་བའི་དུས་ཆེན་ཉིན་མོར་སྐུ་ཉིད་ཀྱིས་གལ་འགངས་ཆེ་བའི་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་གོ་གནས་བཞེས་གནང་གི་ཡོད་པ་ནི་རྟེན་འབྲེལ་བཟང་པོ་རེད།
རྒྱ་གར་ནི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་འབྱུང་གནས་ལྟ་བུ་ཡིན་ཞིང་། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་བསླབ་བྱ་དེ་དག་གིས་འགྲོ་བ་མིའི་རིགས་འཕེལ་རྒྱས་སུ་འགྲོ་བར་རམ་འདེགས་བྱེད་ཐུབ། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ཡིས་འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་ཡོངས་ལ་ཁྱབ་གདལ་གནང་ཡོད་ལ། ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་དབུ་ཁྲིད་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་ དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་ཡིས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་བརྒྱུད་ཡུན་རིང་ལུས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་མི་འདྲ་བའི་ཆ་རྣམས་སེལ་ཐུབ་ཡོད།
དེ་བཞིན་ངོས་ནས་ཀྱང་བློས་བཏང་གིས་གོ་སྐབས་ནམ་བྱུང་ལ་འཚེ་མེད་ཞི་བའི་ལྟ་གྲུབ་གཅེས་ནོར་འདི་དང་བྱམས་བརྩེའི་ནུས་སྟོབས་ཀྱི་གལ་གནད་སྐོར་རྒྱ་གར་གྱི་མཆེད་གྲོགས་ཕོ་མོ་རྣམས་དང་འཛམ་གླིང་ཡོངས་ལ་གོ་རྟོགས་ཆེན་པོ་སྤེལ་གྱི་ཡོད། ངོས་ཀྱིས་སྤོབས་པ་ཆེན་པོའི་སྒོ་ནས་གནའ་བོའི་རྒྱ་གར་ནི། སེམས་དང་སེམས་བྱུང་། བློ་སྦྱོང་གི་ཐབས་ལམ་དཔེར་ན་སྒོམ་དང་ཡོ་གའི་ཤེས་བྱའི་འབྱུང་ཁུངས་ལྟ་བུ་ཡིན་ཞེས་རྗོད་ཐུབ་ཀྱི་ཡོད་ལ། དེ་དག་གིས་ད་ལྟ་དང་མ་འོངས་པའི་འགྲོ་བ་མི་ཡོངས་ལ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཀྱི་ཡོད། ངོས་ཀྱིས་ཆོས་ལུགས་ལ་མ་བརྟེན་པ་དང་ཤེས་ཡོན་གྱི་སྡེ་ཚན་རང་གི་ཐོག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་དུས་ཤེས་ཡོན་གྱི་ལམ་ལུགས་གཉིས་ཟུང་འབྲེལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་བརྩི་ཡི་ཡོད།
རྒྱ་གར་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་བཟོ་ཐུབ་པའི་ཐུན་མོང་མིན་པའི་ཁྱད་ཆོས་ཚང་ཡོད། ངོས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་གཅིག་གི་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཀྱི་ལས་གཞི་འགོ་བཙུགས་ཡོད་པ་ཤེས་རྟོགས་བྱུང་། ངོས་ཀྱིས་རིམ་པས་དེ་དག་རྒྱ་གར་ཡོངས་ལ་དར་ཐུབ་པའི་རེ་བ་ཆེན་པོ་རྒྱག་གི་ཡོད། དེ་རིང་ཁ་སང་རྒྱལ་སྤྱིའི་ཚོགས་སྡེ་ནས་སྔར་ལས་ལྷག་རྒྱ་གར་གྱིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་སླད་འགོ་ཁྲིད་དེ་ཞབས་འདེགས་བསྒྲུབ་ཐུབ་པ་ཤེས་ཀྱི་ཡོད། སྐུ་ཉིད་ཀྱིས་ལོ་མང་རིང་མང་ཚོགས་ལ་ཞབས་འདེགས་བསྒྲུབས་པའི་ཉམས་མྱོང་ལ་བརྟེན་ནས་རྒྱ་གར་རྒྱལ་ཁབ་ཆེན་པོ་དང་། དེའི་མི་མང་ལ་གཡུར་དུ་ཟ་བའི་ཞབས་འདེགས་བསྒྲུབ་ཐུབ་པའི་ངོས་ལ་གདེང་ཚོད་ཡོད། ཅེས་འཁོད་ཡོད་འདུག
དེ་བཞིན་ཉིན་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཇག་ཌིབ་དྷན་ཁར་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། ལྷག་པར་དུ་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་མི་ཚོར་མཚོན་ན། རྒྱ་གར་ནི་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་པ་སོགས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་རིང་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་སྐུ་ཡོན་དང་། ཉམས་མྱོང་ཕྱུག་པོ་ཡོད་པ་དེས་རྒྱ་གར་རྒྱལ་ཁབ་ལ་ཕན་ཐོགས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་འཁོད་འདུག
དེ་བཞིན་ཟླ་ ༨ པའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐུ་ཞབས་ཇག་ཌིབ་དྷན་ཁར་ (Shri Jagdeep Dhankhar) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་གནང་བའི་ནང་འཁོད་དོན། སྐུ་ཉིད་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་ ༡༤ པའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབུ་ཁྲིད་གནང་སྟེ་མི་མང་ལ་ཞབས་འདེགས་བསྒྲུབས་གནང་བའི་ཉམས་མྱོང་དེས་ཏན་ཏན་རྒྱལ་ཁབ་ལ་ཕན་ཐོགས་ངེས་ཅན་འབྱུང་ངེས་ཡིན་པ་ཕྲན་རང་ཉིད་ལ་གདེང་ཚོད་ཡོད།
གོ་སྐབས་འདི་བརྒྱུད་ངས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། རྒྱ་གར་གྱིས་གཏོང་ཕོད་ཆེན་པོ་དང་གཡོ་བ་མེད་པའི་སྒོ་ནས་མུ་མཐུད་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ཡིན་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་རྣམས་འཚོ་གནས་ཐུབ་པ་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
སྐུ་ཉིད་ཀྱིས་གོ་བབ་མཐོ་བའི་ལས་ཁུངས་ཀྱི་ཐུགས་འགན་བཞེས་གནང་གི་ཡོད་པའི་ཆ་ནས། ང་ཚོ་ངོས་ནས། སྐུ་ཉིད་ཀྱིས་མུ་མཐུད་བོད་མིའི་བདེ་དོན་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་རེ་ལྟོས་ཞུ་ཡི་ཡོད། སླར་ཡང་ང་ཚོས་སྐུ་ཉིད་ལ་འཚམས་འདྲི་དང་། སྐུ་ཉིད་ཀྱི་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།