རྒྱ་གར་གྱིས་པ་ཀི་སི་ཐན་གྱི་ས་གནས་དགུ་ལ་མེ་ཤུགས་འཕུར་མདའ་༢༤འཕངས་ཏེ་གཏོར་རྒོལ་བྱས།
རྒྱ་གར་གྱིས་རེས་གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་ལ་དྲག་རྒོལ་ཤུགས་ཆེན་བྱས་ནས་དྲག་སྤྱོད་པ་བདུན་ཅུ་བསད་ཅིང་དྲུག་ཅུ་ཙམ་ལ་རྨས་སྐྱོན་བཏང་ཡོད་པ་དང་། གནས་དོན་དེའི་ཐོག་ཨ་རིའི་སྲིད་འཛིན་གཙོས་རྒྱལ་ཁབ་ཁག་གིས་སེམས་འཚབ་དང་ཞི་འགྲིག་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༧ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་སིན་དོར་བྱ་འགུལ་༼Operation Sindoor༽ ཞེས་པའི་མིང་ཐོག་ནས་གནམ་དམག་དང་མཚོ་དམག།དེ་བཞིན་ས་དམག་བཅས་གསུམ་མཉམ་ཞུགས་ཀྱིས་རེས་གཟའ་ལྷག་པའི་ཞོགས་པའི་ཆུ་ཚོད་༡་༤༤ ་ཐོག་པ་ཀི་སི་ཐན་ནང་གི་ས་གནས་ལྔ་དང་། པ་ཀི་སི་ཐན་གྱིི་དབང་སྒྱུར་འོག་ཏུ་ཡོད་པའི་ཀ་ཤི་མིར་ནང་གི་དྲག་སྤྱོད་པ་གནས་ཡུལ་གྱི་ས་ཁུལ་བཞི་བཅས་ཁྱོན་ས་གནས་དགུ་ལ། མེ་ཤུགས་འཕུར་མདའ་༢༤ བརྒྱབས་ནས་དྲག་སྤྱོད་པ་༧༠ བསད་ཅིང་། མི་གྲངས་༦༠ ལ་རྨས་སྐྱོན་བཏང་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན། དྲག་སྤྱོད་པ་བདུན་གྱིས་རྒྱ་གར་གྱི་ཇ་མུ་དང་ཀ་ཤི་མིར་གྱི་པ་ཧལ་གྷམ་ཞེས་པའི་ས་ཁུལ་དུ་མེ་མདའ་གང་བྱུང་བརྒྱབས་ཏེ། བལ་ཡུལ་གྱི་མི་གཅིག་དང་བཅས་ཁྱོན་རྒྱ་གར་བ་ཁྱོན་བསྡོམས་༢༦ བསད་ཅིང་། མི་གྲངས་༡༧ ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། རྒྱ་གར་གྱི་གནས་དོན་དེ་ལ་ཡ་ལན་ཆེད་ད་ཐེངས་དྲག་སྤྱོད་པའི་གནས་ཡུལ་ཁག་ལ་དམིགས་འཛུགས་ཀྱིས་དྲག་རྒོལ་བྱས་ཡོད་པར་བརྗོད་འདུག
གཏོར་རྒོལ་དེ་ཚར་བའི་རྗེས་རྒྱ་གར་གྱིས་དྷ་རམ་ས་ལ་དང་སིམ་ལ། ལ་དྭགས་གླེ་སོགས་རྒྱ་གར་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་གི་གནམ་གྲུའི་ཐང་༡༦ ཙམ་སྒོ་བརྒྱབས་ཡོད་པ་དང་། དེ་རིང་ཚེས་༧ ཉིན་གནམ་གྲུ་༢༠༠ ལྷག་འཕུར་མཚམས་བཞག་ཅིང་། ལྷག་པར་དུ་ཇ་མུ་ལ་ཡོད་པའི་ས་མཚམས་ཁག་གི་རྫོང་ཁག་ལྔའི་ནང་སློབ་གྲྭ་ཁག་སྒོ་བརྒྱབས་ཡོད་འདུག དྲག་སྤྱོད་པ་བདུན་གྱིས་ཀ་ཤེ་མིར་ལ་མེ་མདའ་བརྒྱབས་ནས་དྲག་རྒོལ་བྱས་པ་ནས་བཟུང་། རྡུལ་ཕྲན་མཚོན་ཆ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་དཀའ་ངལ་ཛ་དྲག་ཏུ་འགྲོ་བཞིན་ཡོད་འདུག་པ་དང་།
དེ་རིང་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། པ་ཀི་སི་ཐན་དང་རྒྱལ་ཁབ་དེའི་དབང་སྒྱུར་འོག་གི་ཀ་ཤི་མིར་ནང་གི་དྲག་སྤྱོད་པའི་རྨང་གཞི་ལ་གནད་ལ་ཁེལ་བ་དང་། ཚད་དང་ལྡན་པའི་གཏོར་རྒོལ་བྱས་ཡོད་པ་ལས། པ་ཀི་སི་ཐན་གྱི་དམག་དོན་སྒྲིག་འཛུགས་གང་ལ་ཡང་དམིགས་འབེན་བཟུང་མེད་ཅེས་བརྗོད་འདུག
པ་ཀི་སི་ཐན་གྱིས་རྒྱ་གར་གྱིས་པ་ཀི་སི་ཐན་གྱི་ས་གནས་དྲུག་ལ་གཏོར་རྒོལ་བྱས་ཡོད་པར་བརྗོད་པ་དང་། དེ་བཞིན་པ་ཀི་སི་ཐན་གྱིས་ཀྱང་རྒྱ་གར་གྱི་དམག་འཐབ་གནམ་གྲུ་ལྔ་གཏོར་ནས་ཐང་ལ་གཡུགས་ཡོད་པར་བརྗོད་འདུག གནད་དོན་དེའི་ཐོག་རྒྱ་གར་གྱིས་ལན་འདེབས་གང་ཡང་བྱས་མི་འདུག རྒྱ་གར་ལ་ཡ་ལན་ཆེད། པ་ཀི་སི་ཐན་གྱིས་ས་མཚམས་ནས་མེ་སྒྱོགས་འཕངས་ནས་རྒྱ་གར་གྱི་མི་སེར་༡༠ བསད་ཅིང་། ད་ལྟའི་ཆར་མི་གྲངས་༤༠ ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རྒྱ་གར་གྱི་བང་ཆེན་གསར་ཁང་གིས་བཀོད་འདུག
རྒྱ་གར་གྱིས་པ་ཀི་སི་ཐན་ནང་གཏོར་རྒོལ་བྱས་རྗེས། ཨ་རིའི་སྲིད་འཛིན་ཊོམ་གྱིས་གནས་སྟངས་དེ་ནི་ཞབས་འདྲེན་ཞིག་རེད། ཛ་དྲག་གི་རྣམ་པ་འདི་མགྱོགས་མྱུར་མཇུག་སྒྲིལ་བའི་རེ་བ་ཡོད་ཅེས་བརྗོད་འདུག། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཨི་སི་རེལ་གྱི་གཞུང་ཚབ་པས། ཨི་སི་རེལ་གྱིས་རྒྱ་གར་གྱི་རང་སྲུང་གི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་དང་། དེ་བཞིན་མི་སེར་ལ་གདུག་རྩུབ་བྱེད་མཁན་དྲག་སྤྱོད་པ་ཚོ་ལ་ཡིབ་སའི་གནས་མེད་པ་ཤེས་དགོས་ཞེས་བརྗོད་ཡོད་འདུག
དེ་བཞིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་གར་གྱི་བྱ་སྤྱོད་ལ་བློ་ཕམ་དང་ད་ལྟའི་གནས་སྟངས་ལ་སེམས་འཚབ་ཡོད་ཅེས་དང་། ཕྱོགས་གཉིས་ཀས་ཞི་བདེ་དང་བརྟན་ལྷིང་ལ་དམིགས་ནས་རང་ཚོད་འཛིན་རྒྱུ་དང་། གནས་སྟངས་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པའི་བྱ་སྤྱོད་རིགས་སྤེལ་རྒྱུ་ལས་གཡོལ་དགོས་པའི་ནན་སྐུལ་བྱས་ཡོད་འདུག།
ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨུ་རུ་སུས་རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་གདོང་ཐུག་ཛ་དྲག་ཆེ་རུ་འགྲོ་བཞིན་པར་སེམས་འཚབ་དང་། གནས་སྟངས་སྔར་ལས་སྡུག་ཏུ་མི་འགྲོ་བའི་སླད་ཕྱོགས་གཉིས་ཀ་ལ་རང་ཚོད་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།