རྒྱ་གར་གྱིས་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་བཞི་པའི་གོ་ས་བཟུང་།
ཉི་ཧོང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས་འཛམ་གླིང་ཐོག་དཔལ་འབྱོར་ཨང་བཞི་པ་ནས་ལྔ་པར་ཟག་ཅིང་། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཏེ། ད་ལྟའི་ཆར་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་བཞི་པར་གྱུར། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་། རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་བཅུ་བཞི་ནས་ཨང་བཞི་པ་དེ་ཆགས་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་དེ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༼Trillion༽ ༤་༡༨༧ ཙམ་ཟིན་ནས་འཛམ་གླིང་ཐོག་དཔལ་འབྱོར་ཨང་བཞི་པའི་གོ་གནས་བཟུང་། ཉི་ཧོང་གི་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་ཨ་སྒོར་༤་༡༨༦ ཟིན་ཡང་རྒྱ་གར་གྱི་རྗེས་སུ་ལུས་པས། ད་ཆར་འཛམ་གླིང་ཐོག་དཔལ་འབྱོར་ཨང་བཞི་པ་ནས་ལྔ་པར་ཟག་འདུག
སྤྱིར་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཏེ། ཕྱི་ལོ་༢༠༡༠ བར་ཨ་རི་ཕུད་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་དང་པོའི་གོ་གནས་བླངས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༠ ནས་རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པར་གྱུར་ཡོད་འདུག
ཕྱི་ལོ་༢༠༡༤ ལོར་རྒྱ་གར་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་བཅུ་པ་དེ་ཡིན་ཡང་། ཕྱི་ལོ་༢༠༢༢ ལོར་དབྱིན་ཇི་འཛམ་གླིང་ཐོག་དཔལ་འབྱོར་ཨང་ལྔ་པ་ནས་དྲུག་པ་ལ་མར་ཟག་སྟེ། རྒྱ་གར་དེ་འཛམ་གླིང་ཐོག་དཔལ་འབྱོར་ཨང་ལྔ་པར་གྱུར་ཡོད་འདུག
ད་ལྟའི་ཆར་འཛམ་གླིང་ཐོག་དཔལ་འབྱོར་ཨང་དང་པོ་ནི་ཨ་རི་དང་ཨང་གཉིས་པ་རྒྱ་ནག ཨང་གསུམ་པ་ཇར་མན་དང་བཞི་པ་རྒྱ་གར། དེ་བཞིན་ཨང་ལྔ་པ་དེ་ཉི་ཧོང་ཆགས་འདུག། རྒྱ་གར་གྱིས་ཕྱི་ལོ་༢༠༢༧ ལ་སླེབ་དུས་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་དེ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༥ ལ་དམིགས་ཚད་བཟུང་ཡོད་པ་མ་ཟད། ཕྱི་ལོ་༢༠༢༨ ལོ་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པར་འགྱུར་ཐབས་བྱེད་བཞིན་པ་དང་། གནས་ཚུལ་དབྱེ་ཞིབ་པ་ཚོས། དཔལ་འབྱོར་ཨང་གསུམ་པ་འགྱུར་བ་ལ། མ་འོངས་པར་རྒྱ་གར་གྱིས་ཞིང་ལས་ཐད་དང་ལས་མི་བཅོས་བསྒྱུར། དེ་བཞིན་ཤེས་ཡོན་དང་ལག་རྩལ་བཅས་ཀྱི་ཐོག་ལའང་བཅོས་བསྒྱུར་སོགས་ལག་བསྟར་བྱེད་དགོས་པར་བརྗོད་འདུག
ཉེ་བའི་ལོ་ཤས་ནང་། ས་ཁམས་ཆབ་སྲིད་ཀྱི་འགལ་ཟླ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་བ་སོགས། འཛམ་གླིང་ཡོངས་སུ་དཔལ་འབྱོར་གྱི་གནས་སྟངས་ངེས་བརྟན་མེད་པར་འགྲོ་བཞིན་པའི་སྐབས་ཏེ། ཕྱི་ལོ་༢༠༢༥ ལོ་རྒྱ་གར་གྱི་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་འཕར་ཚད་དེ་བརྒྱ་ཆ་༦་༢ ལ་དམིགས་ཚད་བཟུང་འདུག
རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་༼international monetary fund༽ མ་འོངས་པའི་ལོ་ངོ་གཉིས་ཀྱི་ནང་། རྒྱ་གར་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཁག་གི་ཁྲོད་དཔལ་འབྱོར་གྱི་འཕར་ཚད་མགྱོགས་ཤོས་སུ་འགྱུར་རྒྱུའི་ཚོད་དཔག་བྱས་ཡོད་འདུག
གཞན་ཡང་། འཛམ་གླིང་དཔལ་འབྱོར་སྣང་ཚུལ་༼World Economic Outlook༽ ཞེས་པའི་སྙན་ཐོ་ལྟར་ན། རྒྱ་གར་གྱི་དཔལ་འབྱོར་ནི་ཕྱི་ལོ་༢༠༢༥ ལོར་བརྒྱ་ཆ་༦་༢ དང་། ཕྱི་ལོ་༢༠༢༦ ལོར་བརྒྱ་ཆ་༦་༣ འཕར་རྒྱུའི་ཚོད་དཔག་བྱས་ཡོད་འདུག རྒྱལ་སྤྱིའི་མ་འདངུལ་ཐེབས་རྩས་ཕྱི་ལོ་༢༠༢༥ ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་བརྒྱ་ཆ་༢་༨ དང་། ཕྱི་ལོ་༢༠༢༦ ལོར་བརྒྱ་ཆ་༣་༠ ཡིན་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ཚོད་དཔག་དེ་ནི་རྒྱ་གར་གྱི་དཔལ་འབྱོར་འཕར་ཚད་ཀྱི་ཚོད་དཔག་ལས་ཧ་ཅང་དམའ་བ་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།