རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་༡༡༨ གསར་དུ་བཀག་འགོག་བྱས་འདུག 

རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གཉིས་བར་རྩོད་རྙོག་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་གྱིས་སླར་ཡང་རྒྱ་ནག་མཉེན་ཆས་༡༡༨ གསར་དུ་བཀག་འགོག་བྱས་འདུག་པ་དང་། དེ་དག་གི་ནང་དུ་རྩེད་མོའི་མཉེན་ཆས་ཁྱབ་ཆེན་བེད་སྤྱོད་བྱེད་མཁན་ཡོད་པ་ཞིག་ཀྱང་ཚུད་འདུག 

ཟླ་༩ པའི་ཚེས་༣ ཉིན་རྒྱ་གར་དབུས་གཞུང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། རྒྱ་གར་གྱི་མངའ་ཁོངས་བདག་དབང་དང་བདེ་སྲུང་། བདེ་འཇགས་བཅས་ཀྱི་ཁེ་ཕན་ཆེད་དུ་རྒྱ་ནག་གི་མཉེན་ཆས་༡༡༨ ཞིག་གསར་དུ་བཀག་འགོག་བྱེད་རྒྱུ་ཐག་གཅོད་བྱས་སྐོར་བརྗོད་འདུག 

རྒྱ་གར་གྱི་འཕྲུལ་ལས་བློན་ཆེན་ལས་ཁང་གིས་རྒྱ་ནག་གི་མཉེན་ཆས་དེ་དག་ནི་རྒྱ་གར་གྱི་མངའ་ཁོངས་བདག་དབང་དང་བདེ་འཇགས། བདེ་སྲུང་། བརྟན་ལྷིངས་བཅས་ལ་གནོད་སྐྱོན་གཏོང་གི་ཡོད་སྐོར་བརྗོད་འདུག 

ཟླ་༦ པའི་ནང་རྒྱ་གར་གྱིས་རྒྱ་ནག་མཉེན་ཆས་༥༩ ཞིག་བཀག་འགོག་བྱས་ཡོད་པ་དང་། དེའི་ནང་སྐད་འཕྲིན་དང་། བརྙན་ཐུང་བཟོ་སྒྲིག་དང་ཁྱབ་སྤེལ་བྱེད་ཡུལ་གྱི་མཉེན་ཆས་ཊེག་ཊོག་གཉིས་ཚུད་ཡོད་པ་རེད། ཐེངས་འདིར་མཉེན་ཆས་བཀག་འགོག་བྱས་པའི་ནང་དུ་དམག་གི་རྩེད་མོའི་མཉེན་ཆས་(PUBG) ཞེས་པ་དེ་བཀག་འགོག་བྱས་འདུག་པ་དང་། དེ་ནི་རྩེད་མོའི་མཉེན་ཆས་བཀོལ་སྤྱོད་མང་ཤོས་ཕབ་ལེན་བྱས་པའི་ཁོངས་སུ་ཚུད་ཀྱི་ཡོད་ཁར། རྒྱལ་སྤྱིའི་ནང་མཉེན་ཆས་དེ་ས་ཡ་༧༣༤ ལས་མང་བ་ཕབ་ལེན་བྱས་ཡོད་འདུག རྒྱ་གར་ནང་མཉེན་ཆས་དེའི་རྩེད་མོར་རོལ་མཁན་མི་གྲངས་ས་ཡ་༥༠ ལ་ཉེ་བ་ཡོད་པའི་ཐོག ཉིན་རེར་མི་གྲངས་ས་ཡ་༡༣ ལྷག་རྩེ་མཁན་ཡོད་འདུག མཉེན་ཆས་དེ་ལ་བརྟེན་ནས་ཕྲུ་གུ་དང་མི་རྒན་པ་ཡང་མང་པོ་ཞིག་ཀྱང་ངན་ལངས་ཤོར་བ་དང་། ཕྲུ་གུ་ཁག་ཅིག་གིས་མཉེན་ཆས་དེ་བརྒྱུད་ནས་ཕ་མའི་དངུལ་འབུམ་མང་པོ་གསང་བའི་ཐོག་བེད་སྤྱོད་བྱས་པའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཡང་མཉེན་ཆས་དེ་བཀོལ་སྤྱོད་བྱེད་མཁན་མི་ཉུང་བ་ཡོད་འདུག 

ཐེངས་འདིར་བཀག་འགོག་བྱས་པའི་མཉེན་ཆས་ཁག་གི་ནང་དུ་རྩེད་མོ་དང་དྲ་ཐོག་དངུལ་སྤྲོད་ལེན། ཕོ་མོ་ཕན་ཚུན་གླེང་མོལ་གྱི་མཉེན་ཆས། པར་བཟོ་བཅོས་ཀྱི་མཉེན་ཆས་སོགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།