རྒྱ་གར་གྱིས་ཧི་མ་ལ་ཡའི་ཁུལ་གྱི་ནང་པའི་དགོན་སྡེ་ཁག་ཏུ་རྒྱ་ནག་གི་ཤུཌ་རྐྱེན་འགོག་ཆེད་བསླབ་གཞི་རྩ་འཛིན་ངོ་སྤྲོད་བྱེད་རྒྱུ་ཡིན་འདུག

ཤེས་ཡོན་གཅིག་གྱུར་དང་ལྷག་པར་དུ་བོད་དང་ས་འབྲེལ་གྱི་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་པའི་ཆོས་ལུགས་ཀྱི་ལྟེ་གནས་ཁག་ཏུ་རྒྱལ་གཅེས་ཀྱི་བསམ་བློ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས། རྒྱ་གར་གྱིས་ཆེས་ཐོག་མ་ནང་པའི་དགོན་སྡེ་ཁག་གི་བསླབ་གཞི་རྩ་འཛིན་ངོ་སྤྲོད་བྱེད་རྒྱུ་ཡིན་འདུག

པར། རོའུ་ཊར།

ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ནང་རྒྱ་གར་གཞུང་གིས་ནང་པའི་དགོན་པ་ཁག་གི་ཤེས་ཡོན་གཅིག་གྱུར་དང་། བོད་དང་ས་འབྲེལ་གྱི་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་པའི་ཆོས་ལུགས་ཀྱི་ལྟེ་གནས་ཁག་ཏུ་རྒྱལ་གཅེས་ཀྱི་བསམ་བློ་གོང་འཕེལ་གཏོང་ཆེད། ཆེས་ཐོག་མ་ནང་པའི་དགོན་སྡེ་ཁག་གི་བསླབ་གཞི་རྩ་འཛིན་ངོ་སྤྲོད་བྱེད་རྒྱུ་ཡིན་འདུག

རྒྱ་གར་ནི་ནང་ཆོས་ཐོག་མ་དར་ས་དང་དགོན་རྙིང་མང་པོ་ཡོད་ས་ཞིག་ཡིན་པ་མ་ཟད། ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས། དགོན་སྡེ་ཁག་མང་པོ་ཞིག་བཞེངས་ཡོད་པར་བརྟེན། ད་ཆར་རྒྱ་གར་གྱིས་ནང་པའི་ཆོས་ལུགས་ཀྱིི་ལྟེ་གནས་དེ་དག་རྒྱ་ནག་གི་ཤུགས་རྐྱེན་ལས་ཁ་བྲལ་གཏོང་ཐབས་སམ། རྒྱ་ནག་གི་ཤུགས་རྐྱེན་བཀག་འགོག་བྱེད་བཞིན་ཡོད་འདུག

ཨ་རུ་ན་ཅལ་མངའ་སྡེའི་ནང་རྒྱ་གར་གྱི་ནང་པའི་སྲོལ་རྒྱུན་དང་རྒྱལ་ཁབ་ཀྱི་ཤེས་ཡོན་དར་སྤེལ་གཏོང་མཁན་ཚོགས་པའི་ཁོངས་མི་མགོན་པོས(Gombu)། ང་ཚོས་ཧི་མ་ལ་ཡའི་ས་ཁུལ་གྱི་ནང་པའི་དགོན་པ་ཁག་ནང་རྒྱ་ནག་གིས་དབང་སྒྱུར་ནམ་ཡང་མི་ཐུབ་པ་བཟོ་ཆེད། ནང་པའི་ཆོས་ལུགས་དང་མཉམ་དུ་ཤེས་ཡོན་བརྒྱུད་རྒྱ་གར་གྱི་ངོ་བོ་འཇགས་ཐབས་བྱེད་བཞིན་ཡོད་ཅེས་དང་། ས་གནས་ཁུག་ཀྱོག་ཁག་ཏུ་ཡོད་པའི་ནང་པའི་དགོན་སྡེ་དག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བྱིས་པ་སྟོང་ཕྲག་མང་པོར་རྒྱ་གར་གྱིས་ངོས་འཛིན་དང་ལག་ཁྱེར་སྤྲོད་པའི་ཤེས་ཡོན་ཐོབ་རིན་ཡོད་པར་བརྗོད་འདུག

ད་ལྟའི་ཆར་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་འབྲས་ལྗོངས་དང་ཧི་མ་ཅལ་མངའ་སྡེ། ཨུཏྟར་ཁན། ཇ་མུ་དང་ཀ་མི། ལ་དྭགས་བཅས་སུ་ནང་པའི་དགོན་སྡེ་ཁག་༦༠༠ ཙམ་གྱི་ནང་དུ་ནང་ཆོས་འཆད་ཉན་བྱེད་བཞིན་ཡོད་འདུག རོའུ་ཊར་གསར་ཁང་གིས་བསྐྱར་ཞིབ་བྱས་པའི་གཞུང་གི་ཡིག་ཆ་ཞིག་ལས་གསལ་སྟོན་བྱས་པ་ལྟར་ན། བོད་དང་ས་མཚམས་སྤྱི་ལེ༣༠༠༠ ཡོད་པའི་ཉེ་འཁོར་གྱི་དགོན་སྡེ་༢༠ ཡིས་བསླབ་གཞི་རྩ་འཛིན་ལག་བསྟར་བྱེད་རྒྱུ་ལ་མོས་མཐུན་བྱས་ཡོད་འདུག གཞན་རྣམས་ལོ་འདིའི་རྗེས་སུ་རིམ་བཞིན་ལག་བསྟར་བྱ་རྒྱུ་ཡིན་ཡང་། ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ཡོད་པའི་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ལྟ་བུའི་ནང་པའི་དགོན་པ་ཁག་ཅིག་གི་གྲྭ་བཙུན་ཚོས། ཁོང་ཚོའི་སློབ་ཚན་ནང་། ནང་པའི་ལྟ་གྲུབ་དང་དེང་རབས་ཀྱི་ཤེས་ཡོན་ཟུང་འབྲེལ་གྱིས། སློབ་མ་རྣམས་ཀྱི་དགོས་མཁོ་སྐོང་ཐབས་སུ་ཞིབ་ཚགས་ངང་བསྒྲིགས་ཡོད་ཚུལ་རྗོད་བཞིན་ཡོད་འདུག ལྟ་གྲུབ་ཀྱི་དགེ་རྒན་དགེ་བཤེས་དོན་གྲུབ་ཀྱིས་ང་ཚོའི་དགོན་པའི་ནང་གཞུང་གིས་བཀོད་ཁྱབ་བྱས་པའི་སློབ་ཚན་ངོ་སྤྲོད་བྱེད་པ་ནི་དགོས་མཁོ་ཡོད་པར་མཐོང་གི་མེད། གང་ཡིན་ཟེར་ན། དེས་ཕྱི་ལོ་༡༩༧༠ ནས་བཟུང་བསྒྲིགས་པའི་སློབ་གཞི་ལ་གནོད་སྐྱོན་བཟོ་སྲིད་ཅེས་བརྗོད་འདུག

གཞུང་གི་བསླབ་གཞི་དེ་དག་གི་ནང་རྒྱ་གར་གྱི་གནའ་དེང་གཉིས་ཀྱི་ལོ་རྒྱུས། བོད་ཀྱི་འཐབ་རྩོད་ཁྲོད་རྒྱ་གར་གྱིས་ཆ་ཤས་ལེན་སྟངས། དེ་བཞིན་དབྱིན་ཡིག་དང་བོད་ཡིག(Bhoti)། ཧིན་དྷི། རྩིས་རིག་དང་ཚན་རིག གློག་ཀླད་བཅས་སློབ་སྦྱོང་བྱེད་དགོས་པ་བཟོས་ཡོད་འདུག།ད་བར་ལོ་ངོ་བཅུ་ཕྲག་གི་ནང་། ཕྱི་རྒྱལ་གྱི་རོགས་དངུལ་ལ་བརྟེན་ནས་བསྐྱངས་པའི་ནང་པའི་དགོན་སྡེ་ཁག་ལ། རྒྱ་གར་གྱིས་དགེ་རྒན་གསར་བསྐོ་དང་། འཚོ་དོད་སོགས་ཀྱི་ཆེད་དུ་མ་དངུལ་མཁོ་སྤྲོད་འགོ་འཛུགས་བྱེད་རྒྱུ་ཡིན་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།