རྒྱ་གར་གྱིས་ཨ་རུ་ན་ཅལ་གྱི་བདག་དབང་རྒྱ་གར་ལ་ཡོད་པ་མངོན་ཆེད་ཨ་རུ་ན་ཅལ་ནང་འགྲེམས་སྟོན་ཁང་གསར་རྒྱག
རྒྱ་དཀར་ནག་གཉིས་བར་ཨ་རུ་ན་ཅལ་མངའ་སྡེ་དེ་རྩོད་གཞི་ཅན་གྱི་ས་ཆ་ཞིག་ཆགས་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་དུས་ཡུན་རིང་པོ་ནས་ཨ་རུ་ན་ཅལ་ནི་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པར་རྗོད་ཀྱི་ཡོད་ལ། རྒྱ་གར་གྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་མངའ་ཁོངས་སུ་ཡིན་ཚུལ་བརྗོད་ནས་རྒྱ་དཀར་ནག་བར་རྩོད་གླེང་ཤུགས་ཆེན་ཡོོང་གི་ཡོད།
ཕྱི་ཚེས་༡༩ ཉིན་(Deccan Herald)ཟེར་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་གཟའ་ལྷག་པའི་ཉིན་ཨ་རུ་ན་ཅལ་གྱི་ནུབ་(Kameng)ཀ་མེང་རྫོང་གི་(Nyukmadung)ཉུག་མ་དུང་དུ་ཨ་རུ་ན་ཅལ་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་གྱི་ཡིན་ཚུལ་དང་། རྒྱ་གར་ལ་བདག་དབང་ཡོད་ཚུལ་སྟོན་ཆེད་དུ་གསར་རྒྱག་བྱས་པའི་འགྲེམས་སྟོན་ཁང་ཞིག་འབུ་འབྱེད་བྱ་འཆར་ཡོད་འདུག
རྒྱ་ནག་གིས་ཡང་ནས་བསྐྱར་དུ་ཨ་རུ་ན་ཅལ་དེ་རྒྱ་ནག་གི་ཡིན་ཚུལ་དང་། བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་ཚུལ་རྗོད་ཀྱི་ཡོད་པའི་སྐབས་འདིར། རྒྱ་གར་གྱིས་དེ་ལ་ལན་འདེབས་དང་ཨ་རུ་ན་ཅལ་མངའ་སྡེ་དེ་རྒྱ་གར་ལ་ལོ་རྒྱུས་ཀྱི་ཐོག་ནས་བདག་དབང་ཡོད་པ་སྟོན་ཆེད་དུ་ཨ་རུ་ན་ཅལ་ནང་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་བྱེད་འཆར་ཡོད་འདུག འགྲེམས་སྟོན་ཁང་དེ་ཡང་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་སོགས་ཀྱི་ཐོག་ནས་མངའ་སྡེ་དེ་རྒྱ་གར་གྱི་ཡིན་ཚུལ་ར་སྤྲོད་བྱེད་ཆེད་དུ་གསར་རྒྱག་བྱས་པ་ཞིག་ཡིན་འདུག འདི་ལོའི་ལོ་མགོར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས། ཕྱི་ལོ་༡༩༨༧ ལོར་རྒྱ་གར་གྱིས་ཁྲིམས་འགལ་ཐོག་ནས་ཨ་རུ་ན་ཅལ་དེ་ཨ་རུ་ན་ཅལ་ཟེར་བའི་མངའ་སྡེ་ཞིག་གསར་བཟོ་མ་བྱས་སྔོན་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་ཡོད་པར་བཤད།
ཡང་རྒྱ་གར་གྱི་དམག་དཔོན་ཞིག་གིས་ཨ་རུ་ན་ཅལ་ནི་ལོ་རྒྱུས་ཐོག་ནས་རྒྱ་གར་གྱི་ཡིན་པ་དང་། དམིགས་བསལ་ཧིན་དཱུའི་ཆོས་ལུགས་ཀྱི་དཔེ་ཆ་(Kalika Puran )ཀ་ལི་ཀ་པུ་རན་དང་(Mahabharata) མ་ཧཱ་བྷ་ར་ཏ་དེ་གཉིས་ཀྱི་ནང་དུ་ཨ་རུ་ན་ཅལ་ནི་གནའ་སྔོན་མ་ནས་རྒྱ་གར་གྱི་མངའ་ཁོངས་ཡིན་ཚུལ་དང་། གནའ་རྫས་རྟོག་ཞིབ་རིག་པ་དང་ལོ་རྒྱུས་ཀྱི་དྲན་རྟེན་དངོས་རྫས་དེ་འདྲ་ནས་དཔང་རྟགས་གསལ་པོ་ཡོད་ཚུལ་དམག་དཔོན་དེ་ཡིས་བརྗོད་ཡོད་འདུག འགྲེམས་སྟོན་ཁང་དེ་ནི་རྒྱ་གར་དབུས་གཞུང་གིས་མཐའ་མཚམས་ཀྱི་གྲོང་གསེབ་ཡར་རྒྱས་གཏོང་ཆེད་ཀྱི་ལས་གཞིའི་ཁོངས་གཏོགས་ཤིག་ཡིན་འདུག
དེ་སྔོན་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་གྱི་མི་མང་ཚོ་ནི་བོད་ལྷོ་ཕྱོགས་ཀྱི་མི་རིགས་ཡིན་པ་དང་། ཁོང་ཚོ་རྒྱ་ནག་ནང་ལྟ་སྐོར་དང་ཡུལ་སྐོར་སྤྲོ་འཁྱམ་ཆེད་དུ་ཡོང་ན་མཐོང་མཆན་མི་དགོས་པར་བཟོས་པའི་རྐྱེན་གྱིས་རྒྱ་གར་གྱིས་དེ་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་ཆ་མང་པོ་ཞིག་ལ་རྒྱ་ནག་གི་མིང་བཏགས་ཡོད་པར་བརྗོད་ཅིང་། རྒྱ་གར་གྱིས་དེ་ལ་ཡ་ལན་གྱི་ཚུལ་དུ་༧གོང་ས་མཆོག་ཨ་རུ་ན་ཅལ་དུ་ཕེབས་རྒྱུའི་ཆོག་མཆན་གནང་ཡོད་པ་རེད་ཅེས་བརྗོད་འདུག འགྲེམས་སྟོན་ཁང་དེའི་མིང་ལ་(The Kameng museum )ཀ་མེང་འགྲེམས་སྟོན་ཁང་ཟེར་ནས་བཏགས་ཡོད་འདུག་པ་དང་། འགྲེམས་སྟོན་ཁང་དེའི་ནང་གནའ་རྫས་༣༤༣ ཙམ་ཡོད་འདུག་ཅིང་། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ཡིས་དབུ་འབྱེད་བྱེད་འཆར་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།