རྒྱ་གར་གྱིས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དག་དང་འབྲེལ་ལམ་ཉེ་རུ་གཏོང་བཞིན་པ།
ཟླ་འདིའི་ཚེས་༢༥ ་ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའོ་སི་དང་ཉི་ཧོང་སོགས་ལ་ཕེབས་ནས་ལྷན་ཚོགས་ཁག་ནང་མཉམ་ཞུགས་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༥ ་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའོ་སི་ལ་འབྱོར་ཞིང་། རྒྱ་གར་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བར་འབྲེལ་ལམ་ཡར་རྒྱས་གཏོང་ཆེད། རྒྱ་གར་དང་ཨ་སི་ཡན་(Asean) ་དབར་གྱི་ཕྱི་སྲིད་བློན་ཆེན་ཚོགས་འདུ་དང་། ཤར་ཨེ་ཤེ་ཡའི་ཚོགས་ཆེན། ཨ་སི་ཡན་ས་ཁུལ་(Asean Regional Forum) ་གྱི་ཚོགས་འདུ་བཅས་སུ་མཉམ་ཞུགས་དང་ཟུར་དུ་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་དང་ཟུར་མཇལ་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག
དེ་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཉི་ཧོང་དུ་ཉིན་གསུམ་རིང་གཟིགས་སྐོར་གནང་རྒྱུ་ཡིན་འདུག་པ་དང་། དེར་ཁོང་གིས་རྒྱ་གར་དང་ཉི་ཧོང་། ཨ་རི་དང་ཨོ་གླིང་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་རེད་འདུག
ཕྱི་ལོ་༢༠༡༤ ལོའི་ཤར་ཨེ་ཤེ་ཡའི་ཚོགས་ཆེན་ཐེངས་༩ པའི་སྐབས་སུ། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་གར་གྱི་ཤར་ཕྱོགས་སྲིད་བྱུས་གསལ་བསྒྲགས་སྤེལ་ནས་ད་ལྟ་ལོ་ངོ་བཅུ་འཁོར་བཞིན་ཡོད་པར་བརྟེན། ཐེངས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྷོ་ཤར་ཁུལ་དུ་ཕེབས་རྒྱུ་དེ་གལ་ཆེན་ཆགས་ཀྱི་ཡོད་འདུག
ལའོ་སི་ནི་རྒྱ་ནག་དང་ཝེ་ཐེ་ནམ། ཀམ་བྷོ་ཌི་ཡ་དང་འབར་མ་བཅས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ལའོ་སི་དང་རྒྱ་གར་གཉིས་ཀྱིས་ཕྱི་ལོ་༡༩༥༦ ཟླ་ ༢ ཚེས་༢ ཉིན་གཞུང་འབྲེལ་འབྲེལ་ལམ་བཙུགས་ཡོད་འདུག
རྒྱ་གར་གྱི་གསར་ཁང་གྲགས་ཅན་(Firstpost) ་ཞེས་པའི་ཐོག་ལའོ་སི་དང་འབྲེལ་བའི་གནས་ཚུལ་ལྟར་ན། ལའོ་སི་ནི་ལྷོ་ཤར་ཨེ་ཤེ་ཡའི་ནང་རྒྱ་མཚོ་དང་མ་འབྲེལ་བའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། ལའོ་སིའི་ས་ཆའི་བཞི་ཆ་གསུམ་ཙམ་རི་བོ་དང་ནགས་ཚལ་གྱིས་ཁེབས་ཡོད་པ་མ་ཟད། དེ་དག་ཀྱང་གཟར་དྲགས་པས་མི་རྣམས་གནས་སྡོད་བྱེད་པར་དཀའ་ངལ་ཆེན་པོ་ཡོད་འདུག
དེ་བཞིན་ཕྱི་ལོ་༡༩༦༤ ནས་༡༩༧༣ ཟླ་ ༣ པའི་བར། ཨ་རིས་ལའོ་སིར་ཉུང་མཐར་འབར་རྫས་ས་ཡ་༢༦༠ ལྷག་གཡུགས་ཡོད་འདུག་པ་དང་། དེའི་ནང་ནས་ས་ཡ་མང་པོ་ནི་(Cluster) ་ཞེས་པའི་འབར་རྫས་ཡིན་ཞིང་། འབར་རྫས་མང་པོ་ད་དུང་ཡང་མ་འཐོར་བར་ས་ཁུལ་ཁག་ཏུ་ལྷག་ཡོད་འདུག
ལའོ་སི་ནི་ཤར་ཨེ་ཤེ་ཡའི་ནང་གི་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། རྨང་གཞིའི་མཐུན་རྐྱེན་མི་འདང་བ་དང་ཤེས་ཡོན་མེད་པའི་ངལ་རྩོལ་བ་མང་པོ་ཡོད་འདུག། ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་གྱི་སྲིད་བློན་མོ་དྷི་རྒྱལ་ཁབ་དེར་གཟིགས་སྐོར་གནང་མཁན་གྱི་རྒྱ་གར་གྱི་སྲིད་བློན་བཞི་པ་དེ་ཆགས་འདུག་པ་དང་། རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུས་ཕྱི་ལོ་༡༩༥༤ ལོར་གཟིགས་སྐོར་གནང་ཡོད་པ་དང་། ཝཇ་པ་(Vajpayee) ་ཡིས་ཕྱི་ལོ་༢༠༠༢ ལོར་གཟིགས་སྐོར་གནང་ཡོད། མན་མོ་ཧན་སིང་(Manmohan) ་གིས་ཕྱི་ལོ་༢༠༠༤ ལོར་གཟིགས་སྐོར་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།