རྒྱ་གར་གྲོས་ཚོགས་ནང་༧གོང་ས་མཆོག་ལ་ཆེས་མཐོའི་གཟེངས་རྟགས་འབུལ་རྒྱུ་དང་གང་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུཌ་ལ་རྒྱ་གར་གཞུང་གིས་ངོས་འཛིན་དགོས་པའི་སྐོར་གླེང་།

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊ་པིར་གྷའོ་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་དུ། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་རྒྱ་གར་གཞུང་ནས་ངོས་འཛིན་དང་། རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏ་ན་ (Bharat Ratna) ༧གོང་ས་མཆོག་ལ་འབུལ་དགོས་པ་སོགས་གསུངས་ཡོད་འདུག་ལ།  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་ཚོགས་ཆུང་ཁག་ནས། རྒྱ་གར་དབུས་དང་མངའ་སྡེ་ཁག་གི་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱིས་དོན་ཚན་བརྒྱད་ཐོག་བོད་དོན་ཞུ་སྐུལ་གནང་འདུག

པར། སྐུ་ཞབས་ཊ་པིར་ གྷའོ་མཆོག་གི་ངོ་དེབ།

ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་གར་(Sansad TV) ་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊ་པིར་ གྷའོ་ (MP Shri Tapir Gao, co-convenor of the All Party Indian Parliamentary Forum for Tibet) ནས་རྒྱ་གར་གྲོས་ཚོགས་འོག་མའི་ནང་དུ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་རྒྱ་གར་གཞུང་ནས་ངོས་འཛིན་དང་། ༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་ རཏ་ན་ (Bharat Ratna) འབུལ་བཞེས་མཛད་དགོས་པ། རྒྱ་ནག་དམར་གཞུང་གིས་མགོན་པོ་གང་ཉིད་ཀྱི་༧སྐུའི་ཡང་སྲིད་ཐད་ངན་བྱུས་གཤོམ་བཞིན་པར་རྒྱ་གར་གཞུང་ནས་གདོང་ལེན་གནང་དགོས་སྐོར་གསུངས་འདུག

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་དགུན་དུས་གྲོས་ཚོགས་འཚོག་བཞིན་པའི་སྐབས་དང་བསྟུན། ཟླ་འདིའི་ཚེས་༡༦ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་ཁག་དྲུག་ལ་ཆ་བགོས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་བློན་ཆེན་གཅིག་དང་། རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་༡༦ དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་༨ ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་༢༠། གཞན་གནད་ཡོད་མི་སྣ་༣ བཅས་དང་མཇལ་འཕྲད་ཀྱིས་ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག སྤྱི་ལྷན་ངོ་སྤྲོད་ལྟེབ་ཤོག བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་དོན་ཚན་བརྒྱད་ཀྱི་ཐོག་བོད་དོན་ཞུ་སྐུལ་ཕུལ་བ་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ། དེ་བཞིན་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས། ཁོང་རྣམས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཛུལ་ཞུགས་གནང་སྐྱོང་ཡོང་བ་སོགས་ཀྱི་སྐོར་ཞུས་གནང་ཡོད་འདུག ཐེངས་འདིར་སྤྱི་འཐུས་རྣམ་པས་ཕུལ་བའི་ཞུ་སྙན་དོན་ཚན་བརྒྱད་ནི།༡) བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ།

༢) བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་སེལ་ཐབས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ།

 ༣) རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། དེས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་རྒྱུར་སྐུལ་འདེད་བྱ་རྒྱུ།

 ༤) བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུ་དང་། བསམ་བློ་དང་། སྨྲ་བརྗོད། ཞི་བདེའི་འདུ་འཛོམས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་གནང་མཁན་བོད་ནང་གཟིགས་སྐོར་ཕེབས་རྒྱུར་གདན་ཞུས་གནང་རྒྱུ།

༥) ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་གཞན་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ།

༦) བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་ཏུ་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་སྐུལ་མ་བྱ་རྒྱུ།

 ༧) རྒྱ་ནག་དམར་གཞུང་གཅིག་སྡུད་དབང་བསྒྱུར་དང་། དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ།

༨) གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་ཡོང་བ་བཅས་ཆགས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།