རྒྱ་གར་ཉེན་རྟོག་པས་རྟ་དབང་གི་ངོ་རྒོལ་བ་གཉིས་བསད་འདུག
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ས་གནས་སུ་རྒྱ་གར་ཉེན་རྟོག་པས། ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ནས་ཉུང་མཐར་ལ་མི་༢ བསད་ཡོད་པ་དང། མི་༡༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག མི་གཉིས་ལས་གཅིག་ནི་སྐྱ་བོ་དང་གཞན་དེ་དགེ་འདུན་པ་ཡིན་འདུག

དེ་ཡང་ཟླ་འདིའི་ཚེས་༢ ཉིན་རྟ་དབང་གི་ངོ་རྒོལ་བ་དགེ་འདུན་པ་དང་བཙུན་མ། སྐྱ་བོ་བཅས་མི་གྲངས་༡༥༠༠ ལྷག་གིས་རྟ་དབང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་བླ་མ་བློ་བཟང་རྒྱ་མཚོ་ཞེས་པ་དེ། ཉེན་རྟོག་ཁང་ནས་གློད་གྲོལ་གཏོང་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང། རྗེས་སུ་མི་མང་པོ་ཞིག་ཉེན་རྟོག་ཁང་དུ་འཛུལ་ནས་བླ་མ་དེ་གློད་ཐབས་བྱས་པས། ཉེན་རྟོག་པས་མེ་འདའ་བརྒྱབ་ཡོད་འདུག
དེ་ཡང་བླ་མ་བློ་བཟང་རྒྱ་མཚོས་རྟ་དབང་ལ་གཞུང་གིས་ཆུ་མཛོད་༡༥ ཙམ་རྒྱག་རྩིས་ཡོད་པར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཁར། ཉེ་ཆར་ཁོང་ལ་རྟ་དབང་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུ་རིན་པོར་མཚན་སྨད་ཞུས་པའི་ཞུ་གཏུག་བྱས་པར་བརྟེན། ཟླ་༤ པའི་ཚེས་༢༨ ཉིན་ཁོང་ཉེན་རྟོག་པས་འཇུ་བཟུང་བྱས་པ་ཡིན་འདུག
ཁོང་གིས་བརྙན་ཐུང་ཞིག་ནང་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་ཡིས་ཆུ་མཛོད་དང་ཆུའི་ནུས་ཤུགས་ཀྱི་ཆབ་སྲིད་ནང་འཛུལ་མི་རུང་བའི་སྐོར་བཤད་ཡོད་འདུག
ད་ལྟའི་ཆར་མི་མང་ལ་མེ་མདའ་བརྒྱབ་ཆོག་པའི་བཀའ་གཏོང་མཁན་སུ་ཡིན་མིན་ཤེས་ཀྱི་མེད་ཁར། ཉེན་རྟོག་པས་མི་མང་ལ་ཉེན་བརྡ་བཏང་མེད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག་ཀྱང། ཉེན་རྟོག་པས་ཐོག་མར་མི་མང་ལ་དུག་རླངས་མདེའུ་བརྒྱབ་ནས་ཉེན་བརྡ་བཏང་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག
ད་ལྟའི་ཆར་རྟ་དབང་ལ་རྒྱ་གར་གྱི་དམག་མི་བཏང་ནས་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱེད་ཀྱི་ཡོད་པ་དང། བླ་མ་བློ་བཟང་རྒྱ་མཚོ་ཡང་གློད་གྲོལ་བཏང་ཡོད་འདུག
རྟ་དབང་དེ་བོད་ཀྱི་མངའ་ཁོངས་ཡིན་པའི་ལོ་རྒྱུས་ཡོད་པ་དང། ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཡིན་པ་རེད། ཕྱི་ལོ་༡༩༡༤ ལོར་རྒྱ་གར་དབྱིན་ཇིའི་གཞུང་དང་བོད་གཉིས་སིམ་ལའི་ཆིངས་ཡིག་འཇོག་སྐབས། མེག་མོ་ཧན་གྱི་ས་མཚམས་གཏན་ལ་ཕབ་ནས། རྟ་དབང་སོགས་རྒྱ་གར་གྱི་ས་ཁྲའི་ནང་བཞག་ནས་རྒྱ་གར་གྱི་མངའ་ཁོངས་སུ་གྱུར་བ་རེད། དེང་གི་ཆར་བོད་དེ་རྒྱ་ནག་གི་བཙན་འཛུལ་འོག་ཤོར་ཡོད་པས། རྒྱ་ནག་གིས་མེག་མོ་ཧན་གྱི་ས་མཚམས་ལ་ངོས་ལེན་མེད་པར། རྟ་དབང་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།