རྒྱ་གར་ཌལ་ཧོར་ས་གནས་སུ་བོད་མི་ཞིག་ལ་རྒྱ་མིའི་ཏོག་དབྱིབས་རིམས་ནད་ཕོག་ཡོད་འདུག

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་རྒྱལ་ཁབ་མང་པོའི་ནང་ཁྱབ་བཞིན་པའི་སྐབས་འདིར། རྒྱ་གར་བྱང་ཕྱོགས་ཌལ་ཧོར་ས་གནས་ཀྱི་བོད་པའི་བུད་མེད་ཅིག་ལ་ན་ཚ་དེ་ཕོག་ཡོད་པའི་གནས་ཚུལ་འདུག་ལ། ཛ་དྲག་མ་ཡིན་པར་སྨན་བཅོས་བྱེད་བཞིན་ཡོད་འདུག

བུད་མེད་དེ་ལོ་ན་༦༣ ཡིན་པ་དང་། ཉེ་ཆར་ལྡི་ལི་ནས་ཡོང་བ་ཡིན་འདུག་ལ། ཕྱི་ཟླ་༥ པའི་ཚེས་༣༡ ཉིན་བརྟག་དཔྱད་བྱ་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ཡིན་འདུག ད་ལྟའི་ཆར་ཁོང་ཁུལ་དེའི་རྒྱ་གར་གྱི་སྤྱི་མང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་།  དབུས་བོད་མིའི་སྒྲུག་འཛུགས་ཀྱི་རིམས་ནད་སྔོན་འགོག་གི་ལས་དོན་ཚོགས་ཆུང་གི་ཚོགས་མི་མཚམས་གཅོད་ཀྱིས། སྐྱེས་མ་དེར་རིམས་ནད་ཕོག་ཡོད་པ་གཏན་འཁེལ་བྱུང་ཡོད་ནའང་། ཁོང་མོར་ད་ལྟའི་ཆར་དཀའ་ངལ་གང་ཡང་མེད་པར་སྨན་བཅོས་བྱེད་བཞིན་པ་དང་། གང་མགྱོགས་ཁོང་མོ་དང་འབྲེལ་བ་བྱུང་བའི་ནང་མི་རྣམས་ལ་ཡང་རིམས་ནད་བརྟག་དཔྱད་བྱེད་རྒྱུ་ཡིན་སྐོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་འདུག

རྒྱ་གར་ནང་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཕོག་མཁན་བསྡོམས་༢༠༨༨༠༠ ཡིན་པ་དང་། གྲོངས་མཁན་༥༨༣༤། དྲག་སྐྱེད་བྱུང་མཁན་༡༠༠༦༠༢ ཡིན་པ་རེད། དེ་མིན་རྒྱལ་ཁབ་གང་སར་གནས་པའི་བོད་མི་སྤྱི་ཚོགས་ཁྲོད་དུ་ཡང་ཁག་ཅིག་ན་ཡོད་ནའང་། གྲངས་ཐོ་ཁ་གསལ་བྱུང་གི་མེད་པ་རེད།

འཛམ་གླིང་ཁྱོན་ཡོངས་སུ་རིམས་ནད་དེ་ཕོག་མཁན་བསྡོམས་༦༤༨༥༨༡༤ དང་། གྲོངས་མཁན་༣༨༣༡༦༤། དྲག་སྐྱེད་བྱུང་མཁན་༣༠༨༩༨༩༤ ཡིན་པ་རེད།།

གསར་འགོད་ཆོས་ཉིད་འོད་ཟེར།