རྒྱ་གར་དང་ཁེ་ན་ཌ་རྒྱལ་ཁབ་གཉིས་བར་མི་གསོད་དོན་རྐྱེན་གྱི་རྩོད་རྙོག་དང་མཐོ་རིམ་འགོ་ཁྲིད་ཕྱིར་འབུད།

རྒྱ་གར་དང་ཀེ་ན་ཌ་གཉིས་བར་ལོ་མང་གོང་ནས་ཕྱི་འབྲེལ་ཐད་རྩོད་རྙོག་ཡོད་པ་དང་། རྩོད་རྙོག་དེ་ཡང་ཁེ་ན་ཌའི་ནང་རྒྱ་གར་གྱི་སིཀ་ཆོས་ལུགས་རྗེས་འབྲང་བ་མང་པོ་ཡོད་པའི་ཁྲོད་ནས་ཉུང་ཤས་ཤིག་གིས། རྒྱ་གར་ནང་གི་སིཀ་ཆོས་ལུགས་རྗེས་འབྲང་བ་ཚོ་ལ་(Khalistan)ཁ་ལི་སི་ཐན་ཟེར་བའི་རྒྱལ་ཁབ་ལོགས་སུ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་པའི་རྐྱེན་གྱིས་རྩོད་རྙོག་དེ་ཡོང་གི་ཡོད་འདུག
ཕྱི་ཚེས་༡༥ ཉིན་སྦི་སྦི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཁེ་ན་ཌའི་ཉེན་རྟོག་ལས་ཁུངས་ནས་ལོ་སྔོན་མར་ཁེ་ན་ཌའི་ནང་སིཀ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཡིན་པའི་ཁ་ལི་སི་ཐན་རྩོད་མཁན་(Hardeep Singh)ཧར་དྷེ་ཕུ་སིང་ཟེར་བ་ཞིག་ལྐོག་གསོད་བཏང་བའི་གནས་དོན་ཁྲོད། རྒྱ་གར་གཞུང་དང་ལག་འབྲེལ་ཡོད་པའི་དཔང་རྟགས་ཁུངས་ལྡན་རྙེད་ཡོད་ཚུལ་བརྗོད་ཡོད་འདུག་པ་དང་། ཁ་སང་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་སྲིད་བློན་(Trudeau)ཀྲོ་ཀྲོ་ཡིས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཐད་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་འདུག
ཁེ་ན་ཌའི་ནང་རྒྱ་གར་གྱི་སིཀ་ཆོས་ལུགས་རྗེས་འབྲང་བའི་མི་མང་པོ་ཡོད་འདུག་ལ། དེ་མ་ཡིན་པའི་སྤྱིར་བཏང་རྒྱ་གར་བ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཙམ་ཡོད་འདུག་པ་དང་། ལོ་རྟག་པར་རྒྱ་གར་ནས་སློབ་ཕྲུག་དང་ཚོང་པ། གཞིས་མི་གནས་སྤོ་བ་སོགས་ཧ་ཅང་མང་པོ་ཡོང་མཁན་ཡོད་འདུག དེ་དག་གི་ཁྲོད་ནས་སིཀ་ཆོས་ལུགས་རྗེས་འབྲང་བ་ཚོས་རྒྱ་གར་ལས་ལོགས་སུ་ཁ་ལི་སི་ཐན་ཟེར་བ་ཞིག་དགོས་ཚུལ་དང་། དེའི་ཆེད་དུ་ལོ་ལྟར་ཁེ་ན་ཌའི་ནང་ལས་འགུལ་རྒྱ་ཆེན་སྤེལ་གྱི་ཡོད་འདུག ལས་འགུལ་དེ་ལ་བརྟེན་ནས་རྒྱ་གར་དང་ཁེ་ན་ཌ་གཉིས་ཀྱི་ཕྱི་འབྲེལ་ཐད་མི་མཐུན་པ་མང་པོ་ཞིག་ཡོང་བཞིན་ཡོད་འདུག ཁ་སང་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་སྲིད་བློན་གྱིས་རྒྱ་གར་གྱིས་ཁེ་ན་ཌའི་ས་ཐོག་ཏུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ཚུལ་དང་། བྱ་སྤྱོད་དེ་དག་གི་བརྒྱུད་ནས་ཁེ་ན་ཌའི་མི་མང་གི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད་པར་བརྗོད་འདུག འོན་ཀྱང་། རྒྱ་གར་གཞུང་གིས་ཁེ་ན་ཌའི་ནང་བྱུང་བའི་མི་གསོད་དོན་རྐྱེན་དེ་རྒྱ་གར་གཞུང་དང་འབྲེལ་བ་མེད་ཚུལ་དང་། གཞི་མེད་སྐྱོན་བརྗོད་ཡིན་ཚུལ་གྱིས་ཁེ་ན་ཌ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་ཁེ་ན་ཌའི་གཞུང་གིས་བརྗོད་པའི་སྐྱོན་བརྗོད་དེ་དག་ནི་སིཀ་ཁ་ཕྲལ་རིང་ལུགས་པ་ཚོས་བཤད་པའི་འཆལ་གཏམ་ཡིན་ཚུལ་དང་། རྒྱ་གར་ནང་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་མི་སྣ་གཙོས་པའི་མི་དྲུག་ཕྱི་ཚེས་༡༩ ནང་ཚུད་ནས་ཕྱིར་ཁེ་ན་ཌ་ལ་ཐོན་དགོས་པའི་བཀའ་བཏང་ཡོད་འདུག
དེ་བཞིན་རྒྱ་གར་གྱི་གཞུང་ཚབ་པ་དང་གཞན་ལས་བྱེད་ཚོའི་བདེ་འཇགས་ལ་ད་ལྟའི་ཁེ་ན་ཌའི་གཞུང་གིས་འགན་འཁུར་ཐུབ་རྒྱུའི་ཡིད་ཆེས་མེད་པར་བརྟེན་ཕྱིར་ཡོང་རྒྱུ་ཡིན་པར་བརྗོད་འདུག ད་དུང་རྒྱ་གར་ནང་ཡོད་པའི་མཐོང་མཆན་སྤྲོད་མཁན་ལས་ཁུངས་ཀྱང་སྒོ་བརྒྱབ་ཡོད་འདུག སིཀ་ཆོས་ལུགས་རྗེས་འབྲང་བ་(Hardeep Singh)ཧར་དྷེ་ཕུ་སིང་ཟེར་བ་དེ་ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་ངོ་གདོང་ལ་འབག་གྱོན་པའི་མི་གཉིས་ཀྱིས་མེ་མདའ་བརྒྱབས་ནས་ཁེ་ན་ཌའི་ནང་བསད་ཡོད་འདུག་པ་དང་། མི་གསོད་དོན་རྐྱེན་དེའི་ཁྲོད་རྒྱ་གར་གྱི་མི་གཞན་ཡང་ཡོད་པ་ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་ཡོད་འདུག
མདོར་ན་ད་ལྟའི་ཆར་རྒྱ་གར་དང་ཁེ་ན་ཌ་གཉིས་ཀྱི་མི་མང་དང་མི་མང་བར་འབྲེལ་བ་ཤིན་ཏུ་ཟབ་པོ་ཡོད་འདུག་ཀྱང་། དོན་རྐྱེན་དེས་རྐྱེན་པས་གཞུང་གཉིས་བར་རྩོད་རྙོག་ཆེན་པོ་ཞིག་འབྱུང་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།