རྒྱ་གར་དང་རྒྱ་ནག་གི་རྒྱལ་སར་མཁའ་རླུང་འབག་བཙོག་གི་ཉེན་ཁ།
འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྒྱལ་སར། མཁའ་རླུང་འབག་བཙོག་གི་ཚད་གཞི་མཐོན་པོར་སླེབས་ཏེ། མི་མང་གི་འཕྲོད་བསྟེན་ལ་ཉེན་ཁ་ཆགས་ཡོད་འདུག
ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་སློབ་གྲྭ་ཁག་ལ། སློབ་མ་ཚོ་ནང་དུ་བཞག་པ་ལས་ཕྱི་རུ་གཏོང་མི་ཆོག་པའི་བཀའ་བཏང་ཡོད་པ་རེད། མཁའ་རླུང་འབག་བཙོག་གི་ཚད་གཞི་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཏན་འབེབས་བྱས་པ་ལས། ལྡབ་༣༥ ཡི་མཐོ་བ་ཆགས་ཡོད་པས། རྒྱལ་སའི་ཉེ་འཁོར་གྱི་བཟོ་གྲྭ་དག་ལ་བཟོ་སྐྲུན་གྱི་ལས་གཞི་ཉུང་དུ་གཏོང་དགོས་པའི་བཀའ་དང། དོལ་སྐྱེལ་རླང་འཁོར་ཆེན་པོ་དག་གི་འགྲུལ་བཞུད་བཀག་ཡོད་འདུག
རྒྱ་ནག་ཁོར་ཡུག་ལྷན་ཁང་གིས་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་༧༤ ལས་༨ མ་གཏོགས་རྒྱལ་ཁབ་ཀྱི་མཁའ་རླུང་གཙང་མའི་ཚད་གཞི་ལོན་གྱི་མེད་སྐོར་ཁྱབ་བསྒྲགས་བྱས་འདུག
རྒྱ་ནག་གི་བཟོ་གྲྭ་ཕལ་ཆེ་བས་རྡོ་སོལ་བེད་སྤྱོད་བྱེད་ཀྱི་ཡོད་པས། དེ་ལས་མཁའ་རླུང་འབག་བཙོག་ཆགས་ཀྱི་ཡོད་འདུག
དེ་བཞིན་རྒྱ་གར་རྒྱལ་ཡོངས་ཁོར་ཡུག་དམིགས་བསལ་ཁྲིམས་ཞིབ་ཁང་གིས། རྒྱལ་ས་ལྡི་ལིར་མཁའ་རླུང་འབག་བཙོག་མཐོ་ཤོས་ཀྱི་དུས་ལ། ཕྲུག་གུ་དང་རྒན་ཁོག་རྣམས་ཕྱི་རུ་ཐོན་མི་རུང་བ་ནན་སྐུལ་བྱས་འདུག
སྔ་མ་ཡིན་ན་དགུན་ཁ་ནི་རྒྱལ་ས་ལྡི་ལིའི་གནམ་གཤིས་ཡག་པའི་དུས་ཚོད་ཡིན་ནའང་། ལོ་འདིར་མཁའ་རླུང་འབག་བཙོག་གི་ཚད་གཞི་བསྟུད་མར་མཐོ་པོ་ཆགས་ནས། གྲོང་ཁྱེར་ལ་དུ་ཞགས་ཀྱི་ཁེངས་ཡོད་འདུག
རྒྱལ་ཡོངས་ཁོར་ཡུག་དམིགས་བསལ་ཁྲིམས་ཞིབ་ཁང་གིས། རྒྱལ་ས་ལྡི་ལིའི་མཁའ་རླུང་འབག་བཙོག་གི་འབྱུང་ཁུངས་གཅིག་ནི་རྡོ་སྣུམ་(diesel) བེད་སྤྱོད་མཁན་གྱི་སྣུམ་འཁོར་ཡིན་པར་ངོས་འཛིན་ཐོག ལོ་༡༠ བེད་སྤྱད་ཟིན་པའི་སྣུམ་འཁོར་གཏོང་མི་ཆོག་པ་དང། རྡོ་སྣུམ་པེ་ཊོལ་(petrol) བེད་སྤྱོད་མཁན་སྣུམ་འཁོར་ལོ་༡༥ བེད་སྤྱད་ཟིན་པ་རྣམ་གཏོང་མི་ཆོག་པ། དེ་བཞིན་ཨར་ལས་ཀྱི་སྙིགས་རོ་གཡུགས་མི་ཆོག་པའི་བཀའ་བཏང་འདུག
ཕྱི་ལོ་༢༠༡༤ ལོར་ཡུ་རོབ་ལྷན་ཚོགས་དང་ཧོ་ལན་ཊི་ཁོར་ཡུག་རྟོག་ཞིབ་ཁང་གིས་མཁའ་རླུང་འབག་བཙོག་གི་སྙན་ཐོ་བཏོན་པའི་ནང། འཛམ་གླིང་ནང་མཁའ་རླུང་འབག་བཙོག་བཟོ་མཁན་ཨང་དང་པོ་རྒྱ་ནག་དང་བཞི་པ་རྒྱ་གར་ཡིན་པར་བཏོན་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།