རྒྱ་གར་དང་རྒྱལ་སྤྱིའི་གཞུང་ཚོར་བོད་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་བྱེད་པའི་དགོས་འདུན་བཏོན་སོང་།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ནས་ལོ་ངོ་༩༩ འཁོར་བ་དང་བསྟུན། རྒྱ་གར་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་དང་ད་ལྟའི་ཆར་རྒྱ་ནག་གི་བཙན་འོག་ཏུ་ཡོད་པ་ངོས་འཛིན་བྱེད་པའི་དགོས་འདུན་བཏོན་པ་དང་སྦྲགས། འཕྲེད་དར་དཔྱངས་བའི་ལས་འགུལ་སྤེལ་སོང་།
རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ནས་ལོ་ངོ་༩༩ འཁོར་བ་དང་བསྟུན། ཟླ་༧ པའི་ཚེས་༢༣ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གཉིས་ཀྱིས། རྒྱ་ནག་དམརཤོག་ཚོགས་པར་ངོ་རྒོལ་དང་། བོད་ཀྱི་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་རེད། བོད་ལ་འཕྲལ་དུ་རང་དབང་སྤྲོད་དགོས་ཞེས་པའི་འབོད་ཚིག་ཡོད་པའི་འཕྲེད་དར་ཆེན་པོ་ཞིག་ཁང་བརྩེགས་ཐོག་ནས་དཔྱངས་སོང་བ་དང། འཕྲེད་དར་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་གཟུགས་ཀྱི་མགོ་ཞིག་ཀྱང་ཐག་པས་དཔྱངས་སོང་།
དེ་ཡང་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གིས་བོད་ས་ཁྲིམས་འགལ་ཐོག་ནས་བཙན་བཟུང་བྱས་པར་ངོ་རྒོལ་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚོས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་དགག་བྱ་བྱས་ཏེ། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་པའི་དགོས་འདུན་བཏོན་ཆེད་རེད་འདུག
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས། རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་ཐབས་བྱས་ཏེ། བོད་ལ་རྒྱ་ནག་གིས་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པའི་གནད་དོན་སྣང་མེད་བཏང་རྐྱེན། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོས་ཡོད་པས། ད་ཆ་རྒྱ་གར་གཞུང་གིས་འདས་པའི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། བོད་ཀྱི་གནད་དོན་སེལ་ཆེད་དུ་སྣེ་ཁྲིད་བྱེད་དགོས་སྐོར་བརྗོད་སོང་།
དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྒྱལ་མཚན་གྱིས། རྒྱ་གར་ལ་ཁྱིམ་མཚེས་རྒྱལ་ཁབ་ཚོའི་སྣེ་ཁྲིད་བྱས་ཏེ། རྒྱ་ནག་གིས་བོད་དང་རྒྱ་གར་གྱི་ས་ཁོངས་སུ་ཁྲིམས་འགལ་དང་དྲག་པོའི་བཙན་འཛུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་སྐོར་བརྗོད་སོང་།
ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་ནང་དུ། རྒྱ་གར་གཞུང་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚོས། བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་དང་ཐ་དད་ཀྱི་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གི་ཁྲིམས་འགལ་བཙན་འོག་ཏུ་ཡོད་པ་ངོས་འཛིན་བྱེད་དགོས་པ་དང་། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ཁ་ལག་གཉིས་ཀྱི་ཐོག་ནས་དགག་བྱ་བྱེད་དགོས་པ། རྒྱ་གར་གྱི་ལོ་རྒྱུས་དང་ས་ཁམས་རིག་པའི་སློབ་དེབ་ནང་དུ་བོད་དང་རྒྱ་གར་གྱི་ས་མཚམས་དང་། བོད་ཀྱི་རང་བཙན་གཙང་མའི་ལོ་རྒྱུས་འཇུག་དགོས་པ། བཙན་བྱོལ་བོད་གཞུང་དེ་རྒྱ་གར་གྱིས་གཞུང་ཐོག་ནས་ངོས་འཛིན་དང་རྒྱབ་སྐྱོར་བྱས་ཏེ་བོད་དང་རྒྱ་གར་གྱི་འབྲེལ་ལམ་བརྟན་དུ་གཏོང་དགོས་པ། རྒྱ་ནག་གི་ཐོན་རྫས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་དང་བོད། ཧོང་ཀོང་། ཤར་ཏུརཀི་སེ་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་སྡུར་དང་བདེན་དཔང་བྱེད་ཆེད་དུ་ཛ་དྲག་ཐོག་ནས་དམིགས་བསལ་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འདུ་བསྐོང་བྱེད་དགོས་པ། དེ་བཞིན་ཕྱི་ལོ་༢༠༢༠ ལོའི་ཟླ་༡༠ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འོས་བསྡུར། རྒྱ་ནག་ལ་རྒྱབ་སྐྱོར་མི་བྱེད་པ་བཅས་ཀྱི་དགོས་འདུན་བཏོན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།