རྒྱ་གར་དུ་ཡོད་པའི་བོད་མིའི་བརྒྱ་ཆ་༩༡ ལྷག་ལ་ཏོག་ནད་ཀྱི་སྔོན་འགོག་སྨན་ཁབ་དང་པོ་བརྒྱབ་ཟིན་འདུག 

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་དུ་གནས་སྡོད་བྱེད་མཁན་གྱི་བོད་མིའི་བརྒྱ་ཆ་ ༩༡ ལྷག་ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་དང་པོ་བརྒྱབ་ཟིན་སྐོར་དང་། དེ་ལྟ་བུའི་གྲུབ་འབྲས་སྤྱི་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བྱུང་བ་ཞིག་ཡིན་སྟབས། ཚང་མར་ཐུགས་རྗེ་ཞུས་གནང་སོང་། 

ཕྱི་ཟླ་༨ ཚེས་༧ རེས་གཟའ་སྤེན་པའི་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཝུའུ་ཧན་ཏོག་དབྱིབས་ཡམས་ཀྱི་གནས་སྟངས་དང་། འཛིན་སྐྱོང་བཀའ་ཤག་གི་འདས་པའི་ཟླ་བ་གཉིས་ཙམ་གྱི་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་བྱས་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་དང་། དབུས་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམས་ཕེབས་ནས་འདས་པའི་ལས་བསྡོམས་དང་། མ་འོངས་ཀྱི་ལས་འཆར་སྐོར་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གནང་སོང་། 

གསར་འགོད་ལྷན་ཚོགས་དེའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“སོ་སོ་ལ་མཚོན་པ་ཡིན་ན། ཕྱི་ཟླ་༥ པའི་ཚེས་༢༧ ཉིན་དེར་དམ་འབུལ་ཞུས་པ་རེད། དེའི་ཉིན་རྒྱབ་དེ་ག་རང་ལ་ད་ལྟའི་ཏོག་དབྱིབས་གཉན་རིམས་སྐབས་དེ་དུས་ཁྱབ་གདལ་ཤུགས་ཆེན་པོ་འགྲོ་བཞིན་པའི་གནས་སྟངས་ཤིག་གི་འོག་ནས། སྲིད་སྐྱོང་གི་ལས་གཞི་དང་པོ་དེ་ཏོག་དབྱིབས་གཉན་རིམས་རང་གི་སྒང་ནས་དོ་སྣང་བྱས་ཏེ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཛ་དྲག་ཚོགས་ཆུང་བཅོས་སྒྲིག་བྱེད་རྒྱུའི་མཚོན་པའི་གྲ་སྒྲིག་བྱེད་དགོས་པ་དེ་དག་བྱས་པ་རེད་”ཅེས་ནད་ཡམས་ཀྱི་དཀའ་ངལ་སེལ་བའི་ཐོག་ཏུ་གལ་ཆེན་དུ་བཟུང་བ་ཡིན་སྐོར་གསུངས་སོང་། 

ད་ལྟའི་བཙན་བྱོལ་བོད་མི་ཚོའི་སྔོན་འགོག་སྨན་ཁབ་ཀྱི་གནས་སྟངས་དང་འབྲེལ་བའི་ཐད་ལ། ཁོང་གིས་རྒྱ་གར་ནང་ལོགས་ཀྱི་བོད་མིའི་ཁྲོད་དུ་ཁབ་དང་པོ་བརྒྱབ་ཟིན་པ་དེ་བརྒྱ་ཆ་༩༡.༡ དང་།  ཁབ་གཉིས་པ་བརྒྱབ་ཟིན་པ་དེ་༣༨ ལྷག་ཡོད་པས། ཁྱོན་ཡོངས་ནས་བཤད་ན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་གི་གནས་བབ་དང་མཚུངས་པའི་སྨན་ཁབ་རྒྱག་ཐུབ་པ་བྱུང་ཡོད་པ་མ་ཟད། བལ་ཡུལ་དུའང་བོད་མིའི་བརྒྱ་ཆ་༣༦ ཙམ་ལ་སྨན་ཁབ་བརྒྱབ་ཟིན་ཡོད་སྐོར་གསུངས་སོང་། 

གཞན་ཡང་། ཁོང་གིས་དེ་ལྟ་བུའི་གྲུབ་འབྲས་ཐོན་པའི་རྒྱུ་མཚན་གཙོ་བོ་དེ་སྤྱི་སྒེར་གཉིས་ཀས་ནུས་པ་མཉམ་སྤུངས་བྱས་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་གསུངས་རྗེས། དེ་ལྟར་ནུས་པ་འདོན་མཁན་གྱི་སྤྱི་སྒེར་གཉིས་ཀར་ཐུགས་རྗེ་ཆེ་ཞུས་སོང་བ་མ་ཟད། ལྷག་པར་དུ་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་གིས་མཐུན་སྦྱོར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་སོང་། 

དེ་མིན་ད་དུང་ཁོང་གིས་ནད་ཡམས་ཀྱི་རླབས་རྒྱུན་གསུམ་པ་ཡོང་དུས་གདོང་ལེན་བྱེད་ཕྱོགས་དང་། གནད་དོན་སྣ་ཚོགས་ཐད་ནས་གསར་འགོད་པ་དང་དྲི་བ་དྲིས་ལན་གནང་སོང་། །

གསར་འགོད་པ་དཀོན་མཆོག་རབ་བརྟན།