རྒྱ་གར་དུ་རྒྱ་ནག་གི་ཚོང་ཟོག་བཀག་སྡོམ་བྱེད་པའི་རྒྱལ་ཡོངས་ལས་འགུལ་སྤེལ། 

རྒྱ་གར་གྱི་ཚོང་པ་བྱེ་བ་༧ དང་ཚོང་ལས་ཚོགས་པ་མི་འདྲ་བ་ཁྲི་༤ ཙམ་གྱི་སྐུ་ཚབ་མཚོན་པའི་རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་(CAIT) ཀྱིས་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱེད་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འདུག

ན་ནིང་ལོ་སྨད་ཙམ་ནས་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་ཞིང་། དེ་ནས་ད་ཆ་གོ་ལ་ཁྱོན་དུ་ཁྱབ་སྟེ་འཛམ་གླིང་གི་དཔལ་འབྱོར་དང་། འགྲོ་བ་མིའི་ཚེ་སྲོག་ལ་བརྗོད་ལས་འདས་པའི་གཏོར་སྐྱོན་ཚབས་ཆེན་སློང་བྱེད་ཀྱི་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས། ད་ལྟ་འཛམ་གླིང་མི་མང་ཚོས་རྒྱ་ནག་གི་ཚོན་མདོག་ངོ་མ་དེ་མཐོང་བའི་འགོ་ཚུགས་ཏེ་རྒྱ་ནག་ལ་འཁོན་འཛིན་དང་སྡང་སེམས་འཆང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཁར། འཛམ་གླིང་གི་མི་འབོར་མང་ཤོས་གཉིས་པར་གྱུར་བའི་རྒྱ་དཀར་ནག་གཉིས་ཀྱི་བར་དུ་དབང་སྒྱུར་གྱི་ས་མཚམས་རྩོད་རྙོག་འབྱུང་བཞིན་པའི་སྐབས་འདིར། རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ནས་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱེད་པའི་རྒྱལ་ཡོངས་ལས་འགུལ་ཞིག་གི་འགོ་བརྩམས་འདུག 

ཕྱི་ཟླ་༦ ཚེས་༡༠ རེས་གཟའ་ལྷག་པའི་ཉིན་དངོས་སུ་ཕྱིར་བསྒྲགས་བྱས་པའི་ལས་འགུལ་དེའི་མིང་ལ་“རྒྱ་གར་གྱི་ཐོན་ཟོག—ང་ཚོའི་སྤོབས་པ་ཡིན་”ཞེས་བཏགས་འདུག་པ་དང་། ལས་འགུལ་གྱི་དམིགས་ཡུལ་ནི་ཕྱི་ལོ་༢༠༢༡ གི་ལོ་སྨད་བར་དུ་ཧིན་སྒོར་བྱེ་བ་གཅིག་(ཨ་སྒོར་ས་ཡ་༡༣) ཉེ་བའི་རྒྱ་ནག་གི་ཐོན་རྫས་ཉུང་དུ་གཏོང་རྒྱུ་དེ་ཡིན་ཚུལ་བཤད་འདུག 

རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་དེས་ད་ལྟའི་ཆར་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་། ལས་སླ་པོའི་ཐོག་ནས་བཀག་སྡོམ་བྱེད་ཐུབ་པའི་ཚོང་ཟོག་མི་འདྲ་བ་༣,༠༠༠ ཙམ་གྱི་གྲངས་ཐོ་བཏོན་པ་མ་ཟད། ལས་འགུལ་གྱི་འགོ་འཛུགས་བྱེད་དུ་རྒྱ་གར་ནས་བཟོས་པའི་ཁ་རས་དང་། མེ་འཁོར་ནང་སྤྱོད་རྒྱུའི་ཤོག་ཕོར་འགྲེམས་སྤེལ་བྱས་འདུག 

གཞི་རྒྱ་ཆེ་བའི་ལས་འགུལ་འདི་དང་འབྲེལ་བའི་དྲ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་། རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་ཕཱར་ཝན-ཁན་ཌལ་ཝལ་(Praveen Khandelwal) གྱིས་རྒྱ་ནག་ནས་རྒྱ་གར་དུ་ནང་འདྲེན་བྱེད་པའི་ཚོང་ཟོག་གི་རིགས་བཞི་ཡོད་པ་དང་། དེ་དག་བཞི་ནི་བཟོ་སྐྲུན་གྲུབ་པའི་དངོས་ཟོག་དང་། བཟོ་བྱའི་རྒྱུ་ཆ། འཕྲུལ་ཆས། དངོས་རྫས་ཀྱི་ཡན་ལག་[གམ་ཆ་ཤས་]བཅས་ཡིན་ཞེས་བཤད་པའི་ཐོག ལས་འགུལ་གྱི་ལས་རིམ་དང་པོའི་ནང་བཟོ་སྐྲུན་གྲུབ་པའི་དངོས་ཟོག་རྣམས་བཀག་སྡོམ་བྱེད་པའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་འདུག 

ཕྱི་ལོ་༢༠༠༡ ལོར་རྒྱ་ནག་ནས་རྒྱ་གར་དུ་ནང་འདྲེན་བྱས་པའི་ཚོང་ཟོག་གི་ཚད་དེ་ཨ་སྒོར་ཐེར་འབུམ་༢ ཁོ་ན་ཡིན་འདུག་ཀྱང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཨ་སྒོར་ཐེར་འབུམ་༧༠ ཙམ་གྱི་ཚོང་འབྲེལ་ཡོད་འདུག 

ཚོང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་ཁོང་གིས་རྒྱ་གར་གྱི་བཟོ་ལས་དང་ཚོང་ལས་རྣམས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་གི་ཐོན་རྫས་རྣམས་རྒྱ་གར་གྱི་ཁྲོམ་རར་སིམ་འཛུལ་བྱེད་པ་དེ་སྣང་མེད་བསྐྱུར་བ་དང་། རྒྱ་གར་གཞུང་ནས་ཀྱང་གནད་དོན་དེའི་སྐོར་གང་ཡང་མ་ནུས་པའི་གནས་ཚུལ་དེ་ངོས་ལེན་བྱས་རྗེས། ད་ལྟ་རྒྱ་གར་བ་ཚོས་གནད་དོན་དེ་ཧ་གོ་ཡོད་སྟབས། རྒྱ་གར་གཞུང་ལ་རྒྱ་ནག་གི་ཐོན་རྫས་ཀྱི་ཚབ་ཏུ་རྒྱ་གར་རང་གི་ཐོན་རྫས་བཟོ་སྐྲུན་བྱེད་དགོས་པའི་སྐུལ་འདེད་བྱས་ཏེ་རྒྱ་ནག་ལ་རྒོལ་ལན་སློག་གི་ཡིན་སྐོར་བཤད་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན།