རྒྱ་གར་དེ་གསར་འགོད་པའི་སྲོག་ཉེན་ཆེ་ཤོས་ཨང་གསུམ་པ་ཡིན་འདུག

ཟླ་འདིའི་ཚེས་༢༩ ཉིན་པེ་རི་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༡༥ ལོར་རྒྱལ་སྤྱིའི་ཐོག་གསར་འགོད་པ་༡༡༠ བསད་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

12415སྙན་ཐོ་དེའི་ནང་གསར་འགོད་པ་གསོད་ཡུལ་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ནི་དམག་ཁྲུག་ལངས་བཞིན་པའི་ཨི་རག་དང་སི་རི་ཡ་གཉིས་ཀྱི་ནང་། གསར་འགོད་པ་༡༡ དང་༡༠ བསད་ཡོད་པ་དང། དེ་མིན་དམག་འཁྲུག་ལ་མེད་པར་ཞི་བདེ་ལྷིང་འཇགས་ཡིན་པའི་ལུང་པའི་ཁྲོད། རྒྱ་གར་ནང་དུ་གསར་འགོད་པ་༩ བསད་ཡོད་པས། ཨེ་ཤི་ཡའི་གླིང་ཕྲན་ནང་གསར་འགོད་པར་སྲོག་ཉེན་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་འགྲེལ་བརྗོད་བྱས་འདུག

སྙན་ཐོའི་ནང་ལོ་འདིར་གསར་འགོད་པ་༦༧ ལས་ཐོག་ལའམ་ལས་ཀ་དང་འབྲེལ་ནས་བསད་པ། ༤༣ རྒྱུ་མཚན་གསལ་པོ་མེད་པའི་ཐོག་བསད་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། རྒྱ་གར་ནང་དུ་ལོ་འདིར་གསར་འགོད་པ་ཁ་ཤས་ཀྱིས་ཁྲིམས་འགལ་གྱི་ལས་ལ་འཇུག་མཁན་གྱི་ཚོགས་པའི་བྱ་བར་བརྟག་དཔྱད་བྱས་ཏེ། དེ་དག་ཆབ་སྲིད་པ་ཁ་ཤས་དང་འབྲེལ་བ་ཡོད་སྐོར་གནས་ཚུལ་སྤེལ་བའི་རྐྱེན་གྱིས་བསད་ཡོད་པ་དང། གསར་འགོད་པ་༥ ལས་ཀ་དང་འབྲེལ་ནས་བསད་པ། ༤ རྒྱུ་མཚན་གསལ་པོ་མེད་པའི་ཐོག་བསད་ཡོད་པར་འགྲེལ་བརྗོད་དང། རྒྱ་གར་གཞུང་ནས་གསར་འགོད་པར་སྲུང་སྐྱོབ་ཀྱི་ལས་གཞི་འཆར་འགོད་བྱེད་དགོས་པའི་རེ་སྐུལ་བྱས་འདུག

རྒྱ་གར་ནང་དུ་གསར་འགོད་པ་དང་རྩོམ་པ་པོས་སྨྲ་བརྗོད་རང་དབང་བེད་སྤྱད་ནས། རྨོང་དད་དང་ཆབ་སྲིད་པར་སྐྱོན་བརྗོད་བྱས་རྐྱེན་རང་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་ཁར། ཧིན་རྡུ་ཆོས་ལུགས་པས་ཁ་ཆེ་བ་ཞིག་གིས་གླང་ཤ་བེད་སྤྱོད་བྱས་པའི་དོགས་པའི་འོག་བཟོད་སྲན་མེད་པར་བསད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡང། རྒྱ་གར་གཞུང་འཛིན་ཚོགས་པ་དང་སྲིད་འཛིན་མོ་དྷི་ཡིས་བྱ་སྤྱོད་དེའི་རིགས་ལ་དགག་བྱ་ཤུགས་ཆེན་བྱེད་ཀྱི་མེད་པས། ལོ་འདིར་རྒྱ་གར་རྩོམ་པ་པོ་མང་པོས་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་དུ་རྩོམ་རིག་བྱ་དགའ་ཕྱིར་སློག་བྱས་པ་དང། སྐད་གྲགས་ཆེ་བའི་གློག་བརྙན་ཁྲབ་མཁན་ཁ་ཤས་ཀྱིས། རྒྱ་གར་ནང་དུ་རང་ཉིད་དང་མི་མཐུན་པའི་ཕྱོགས་ལ་བཟོད་སྒོམ་མ་ཐུབ་པ་ཤུགས་ཆེ་རུ་འགྲོ་ཡི་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།