རྒྱ་གར་ནང་གཞུང་འབྲེལ་མ་ཡིན་པ་ཚོགས་པ་ཁྲི་གཉིས་ལ་ཕྱིའི་རོགས་དངུལ་བཀག་པ།
རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁྲི་གཉིས་ཙམ་ལ། ཕྱིའི་རྒྱལ་ཁབ་ཁག་ནས་རོགས་དངུལ་ལེན་ཆོག་པའི་ཡིག་ཆ་ཕྱིར་འཐེན་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༣༣,༠༠༠ ལས་༢༠,༠༠༠༠ ཙམ་གྱིས་ཕྱི་རྒྱལ་རོགས་དངུལ་ལེན་པའི་ཁྲིམས་སྒྲིག་གི་ཆ་རྐྱེན་མང་པོ་ཞིག་ལས་འགལ་གྱི་ཡོད་པ་ར་སྤྲོད་བྱུང་རྗེས། ཚོགས་པ་དེ་དག་ལ་ཕྱིའི་རྒྱལ་ཁབ་ལས་རོགས་དངུལ་ལེན་རྒྱུ་བཀག་ཡོད་འདུག་པ་དང་། རྒྱ་གར་གྱི་ནང་སྲིད་ལས་ཁང་གི་བློན་ཆེན་ལ་དེའི་སྐོར་སྙན་སེང་ཞུས་ཡོད་འདུག
འབྲེལ་ཡོད་ལས་བྱེད་ཀྱིས་རྒྱ་གར་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཀ་བྱེད་ཕྱོགས་ལ་སྐྱར་ཞིབ་ལོ་གཅིག་སྔོན་ནས་འགོ་བཙུགས་ཡོད་པ་དང་། ད་ལྟའི་ཆར་ཕྱིའི་རྒྱལ་ཁབ་ཁག་ལས་རོགས་དངུལ་ལེན་ཆོག་པའི་ཡིག་ཆ་མུ་མཐུད་ཐོབ་ཡོད་པའི་ཚོགས་པ་༡༣,༠༠༠ ལས། ཚོགས་པ་༣༠༠༠ ཙམ་གྱིས་ཆོག་མཆན་དུས་འགྱངས་བྱེད་པའི་སྙན་ཞུ་བརྒྱབ་ཡོད་ཁར། ནང་སྲིད་ལས་ཁུངས་ལ་ཚོགས་པ་གསར་པ་༢,༠༠༠ གིས་ཕྱི་རྒྱལ་རོགས་དངུལ་ལེན་ཆོག་པའི་སྙན་ཞུ་འབྱོར་ཡོད་འདུག དེ་བཞིན་ཚོགས་པ་༣༠༠ ཡིས་ཕྱི་རྒྱལ་རོགས་དངུལ་གྱི་ཆོག་མཆན་ཞུས་མེད་ཀྱང་། རོགས་དངུལ་མ་བླངས་པའི་སྔོན་ཚུད་ནས་རྒྱ་གར་ནང་སྲིད་ལས་ཁང་ནས་ཆོག་མཆན་བླངས་ནས་རོགས་དངུལ་བླངས་རྒྱུ་ཡོད་པའི་སྡེ་ཚན་ནང་ཡོད་འདུག
ཟླ་༡༢ པའི་ཚེས་༢༣ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་དྲ་ཐོག་ཏུ་བཏོན་པའི་སྙན་ཐོ་ཞིག་ནང་། ཕྱི་ལོ་༢༠༡༤ ལོར་བྷི་ཇེ་བྷི་ཚོགས་པ་དེ་གཞུང་འཛིན་ཚོགས་པ་ཆགས་ནས་བཟུང་། རྒྱ་གར་ནང་གི་གུ་ཡངས་བསམ་བློ་འཛིན་མཁན་གྱི་གསར་འགོད་པ་དང་ཁྲིམས་རྩོད་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་མང་པོ་ཞིག་ལ་དམིགས་སུ་བཀར་ནས་བསུན་གཙེར་བྱེད་པའི་གནས་ཚུལ་མང་དུ་ཕྱིན་ཡོད་ཁར། མི་མང་དབུལ་པོ་དང་ཁོར་ཡུག སྨྲ་བརྗོད་རང་དབང་སོགས་ཀྱི་ཐོག་ལ་ལས་ཀ་བྱེད་མཁན་གྱི་སྤྱི་དམངས་ཞབས་ཞུ་ཚོགས་པ་མང་པོ་ཞིག གཞུང་འཛིན་ཚོགས་པའི་ཁ་གཏད་ལ་ངོས་འཛིན་ཐོག་ཕྱི་རྒྱལ་རོགས་དངུལ་བླངས་རྒྱུ་མེད་པ་བཟོས་ནས། ཚོགས་པ་དེ་དག་ལས་ཀ་བྱེད་ཐབས་མེད་པ་བཟོ་ཡི་ཡོད་སྐོར་བཀོད་འདུག
དེ་བཞིན་ཟླ་༡༢ ནང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་དྲུག་གི་གྲོས་ཚོགས་འཐུས་མི་དགུ་ཡིས། རྒྱ་གར་གྱི་སྲིད་བློན་མོ་ཌི་ལ་གཞུང་འཛིན་ཚོགས་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཚོགས་པ་ཁག་ཅིག་དམིགས་སུ་བཀར་ནས། ཕྱི་རྒྱལ་རོགས་དངུལ་བླངས་རྒྱུ་མེད་པ་བཟོས་པ་དེ་ནི་ཆབ་སྲིད་ཀྱི་དགྲ་ལན་ཞིག་དང་མང་གཙོའི་འགྲོ་ལུགས་དང་མཐུན་གྱི་མེད་ཁར། གཞུང་འཛིན་ཚོགས་པའི་ལྟ་བ་ལང་ཕྱོགས་དང་མཐུན་མཁན་ཨར་སི་སི་ཚོགས་པས། ཕྱི་རྒྱལ་རོགས་དངུལ་བླངས་ནས་རྒྱ་གར་ནང་འཁོན་འཛིན་གྱི་ལས་འཆར་སྤེལ་གྱི་ཡོད་ཀྱང་། ཚོགས་པ་དེའི་ཕྱི་རྒྱལ་རོགས་དངུལ་བླངས་ཆོག་པའི་ཡིག་ཆར་བརྟག་དཔྱད་བྱེད་ཀྱི་མེད་པས། སྲིད་བློན་མཆོག་གིས་ཕྱི་རྒྱལ་རོགས་དངུལ་བླངས་ཆོག་པའི་ཆོག་མཆན་ཕྱིར་འཐེན་བྱས་པའི་ཚོགས་པ་ཁག་གི་ཆོག་མཆན་བསྐྱར་དུ་སྤྲོད་དགོས་ཞེས་འཁོད་པའི་ཡི་གེ་ཞིག་སྤྲད་ཡོད་འདུག ཡི་གེ་དེའི་ནང་རྒྱ་གར་གྱི་ལྗང་ཁུ་ཚོགས་པ་དང་། ཞི་བདེ་དང་དྲང་བདེན་ཆེད་དུ་མི་མང་གི་ཚོགས་པ་སོགས་མིང་འདོན་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།