རྒྱ་གར་ནང་ངལ་རྩོལ་བ་༡༦ མེ་འཁོར་འོག་ཏུ་མནན་ནས་ཚེ་སྲོག་ཤོར་འདུག
རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་ལ་བརྟེན་ནས་ངལ་རྩོལ་བ་མང་པོ་ཞིག་ལས་མེད་ཆགས་རྐྱེན། རང་གི་གནས་སུ་གོམས་པ་བརྒྱབ་ནས་ཕྱིར་སློག་བྱེད་བཞིན་པའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་དང་བསྟུན། ཕྱིར་ལོག་བྱེད་བཞིན་པའི་ངལ་རྩོལ་བ་༡༦ ཞིག་མེ་འཁོར་འོག་ཏུ་མནན་ནས་ཚེ་སྲོག་ཤོར་འདུག
ཟླ་༥ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༧ ཉིན་རྒྱ་གར་གྱི་མངའ་སྡེ་མཱ་ཧཱ་ར་ཤེ་ཀྲར་ནང་དུ་ལས་ཀ་བྱེད་མཁན་ངལ་རྩོལ་བ་མང་པོ་ཞིག རྒྱ་གར་གཞུང་གི་ཁྱིམ་སྡོད་བཀའ་རྒྱ་ལ་བརྟེན་ནས་ལས་མེད་ཆགས་པར་བརྟེན། རང་གི་ས་གནས་མཱ་ཌེ་ཡ་མངའ་སྡེ་རུ་ཕྱིར་ལོག་བྱེད་བཞིན་པའི་སྐབས་སུ། མཚན་གང་གོམས་པ་བརྒྱབ་རྐྱེན་ཐང་ཆད་ནས། ཁྱིམ་སྡོད་བཀའ་རྒྱ་ལ་བརྟེན་ནས་མེ་འཁོར་འགྲོ་མཁན་མེད་ཤག་བྱས་ཏེ་མེ་འཁོར་ལྕགས་ལམ་ཐོག་ཏུ་གཉིད་ཁུག་ཡོད་འདུག འོན་ཀྱང་ཅ་དངོས་འོར་འདྲེན་བྱེད་མཁན་གྱི་མེ་འཁོར་གཅིག་སླེབས་ནས་ངལ་རྩོལ་བ་༡༦ མནན་ནས་བསད་ཡོད་འདུག་པ་དང་། ༢ ལ་རྨས་སྐྱོན་བཟོས་ཡོད་འདུག ངལ་རྩོལ་བ་དེ་དག་གིས་ཉེ་འཁོར་གྱི་མེ་འཁོར་འབབ་ཚུགས་ཞིག་ནས་རང་ཁྱིམ་དུ་སྐྱེལ་མཁན་གྱི་མེ་འཁོར་ཞིག་ཐོབ་པའི་རེ་བ་བྱས་ཡོད་འདུག
རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་ལས་ཁང་གིས། མེ་འཁོར་ཁ་ལོ་བས་དུས་ཐོག་ཏུ་མེ་འཁོར་བཀག་ཐབས་བྱས་ཀྱང་ལམ་ལྷོངས་བྱུང་མེད་སྐོར་དང་། གནད་དོན་དེའི་ཐོག་ཞིབ་འཇུག་དགོས་པའི་བཀའ་བཏང་ཟིན་སྐོར་བརྗོད་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་དུག་བཀག་འགོག་ཆེད་དུ་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པ་དང་། དེ་ལ་བརྟེན་ནས་ས་གནས་གཞན་ནས་གྲོང་ཁྱེར་ཁག་ཏུ་ངལ་རྩོལ་གྱི་ལས་ལ་འཇུག་མཁན་མང་པོ་ཞིག་ལས་མེད་ཆགས་པ་དང་། དེའི་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་མཁན་མེ་འཁོར་དང་རླངས་འཁོར་སོགས་ཀྱང་བཀག་སྡོམ་བྱས་ཡོད་རྐྱེན། ངལ་རྩོལ་བ་སྟོང་ཕྲག་མང་པོ་གྲོང་ཁྱེར་ཁག་ནས་རང་གི་ས་གནས་སུ་ཉིན་མང་པོ་ཚ་བའི་འོག་གོམས་པ་བརྒྱབ་ནས་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་ལ་བརྟེན་ནས་རྒྱ་གར་དབུས་གཞུང་གིས་མང་ཚོགས་དབུལ་པོའི་ཐོག་སྔོན་ཚུད་ནས་བསམ་བློ་བཏང་མེད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་རེད་འདུག
མངའ་སྡེ་ཁག་ཅིག་ལ་མང་ཚོགས་ནས་གནོན་ཤུགས་ཆེན་པོ་སླེབས་རྐྱེན། རང་གི་ངལ་རྩོལ་བའི་མི་མང་ས་གནས་གཞན་དུ་ཡོད་པ་རྣམས་ཕྱིར་འཁྲིད་ཡོང་ཆེད་ཀྱི་དམིགས་བསལ་མེ་འཁོར་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་དེ་བཞིན་མི་མང་པོ་ཞིག་གིས། རྒྱ་གར་དབུས་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀ་བྱེད་མཁན་རྒྱ་གར་བ་རྣམས་རྒྱ་གར་དུ་ཡོང་ཆེད་དུ་གནམ་གྲུ་གོ་སྒྲིག་བྱེད་ཐུབ་པ་ཞིག་ལ། རྒྱ་གར་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་ངལ་རྩོལ་བ་ཚོ། རྒྱ་གར་ནང་ཁུལ་ནས་རང་གི་གནས་སུ་བསྐྱོད་ཆེད་ཀྱི་མེ་འཁོར་དང་རླངས་འཁོར་གོ་སྒྲིག་བྱས་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།