རྒྱ་གར་ནང་ཊོ་མ་ཊོའི་གོང་ཚད་འཕར་ནས་སྲུང་མཁན་འཇོག་དགོས་བྱུང་འདུག
རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ནམ་དུས་ངེས་མེད་དུ་ཆར་པ་ཤུགས་ཆེར་བབས་པར་བརྟེན་ཟ་ཆས་རིགས་མང་པོ་ཞིག་དུས་ཐོག་ཏུ་དབོར་འདྲེན་མ་ཐུབ་པ་དང་། འབུ་སྲིན་གྱིས་བཟས་པ། གནམ་གཤིས་ཚ་དྲོད་ཀྱི་རྐྱེན་གྱིས་ཊོ་མ་ཊོ་རུལ་ཤོར་བ་སོགས་ཀྱིས་ད་ཆར་ཊོ་མ་ཊོའི་གོང་ཚད་མཐོན་པོ་གྱུར་ཡོད་འདུག

འདས་པའི་བདུན་ཕྲག་འགའི་ནང་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧི་མ་ཅལ་དང། ཧ་རི་ཡ་ན། ཨོ་ཏར་ཁང་སོགས་ཀྱི་མངའ་སྡེ་མང་པོའི་ནང་ཊོ་མ་ཊོའི་གོང་ཚད་ཀི་ལོ་གཅིག་ལ་ཧིན་སྒོར་༢༥༠ དང་ས་གནས་ཁ་ཤས་ལ་ཧིན་སྒོར་༣༠༠་ཡིན་པ་དང་། ཊོ་མ་ཊོའི་གོང་ཚད་མཐོན་པོར་གྱུར་པའི་རྐྱེན་གྱིས་མི་མང་ཉམ་ཐག་རྣམས་ཀྱིས་ཉོ་མི་ཐུབ་པར་གྱུར་ཡོད་ཅིང་། མགྱོགས་ཟས་རིགས་མེ་ཁི་ཌོ་ནལ་(McDonald) ལྟ་བུའི་ནང་ཊོ་མ་ཊོའི་གོང་ཆེ་དྲགས་པ་དང། ཊོ་མ་ཊོའི་སྤུས་ཚད་ཞན་པོ་ཡོད་པའི་དབང་གིས་ཊོ་མ་ཊོ་བླུག་རྒྱུ་མེད་པ་བཟོས་ཡོད་འདུག རྒྱ་གར་ནང་ཚ་བ་ཆེ་ཤོས་ཀྱི་གྲོང་ཁྱེར་ཝ་ར་ཎ་སིའི་ནང་ཡོད་པའི་ཚལ་ཚོང་ཁང་མང་པོའི་ནང་ཊོ་མ་ཊོ་སྲུང་མཁན་ཕོ་གསར་གཉིས་གསུམ་འཇོག་དགོས་འབྱུང་བཞིན་ཡོད་འདུག་ལ། དེ་བཞིན་རླངས་འཁོར་གྱིས་ཊོ་མ་ཊོ་དབོར་འདྲེན་བྱེད་དུས་ལམ་བར་དུ་རྐུ་མ་ཤོར་བ། འཕྲོག་བཅོམ་བྱེད་པ་སོགས་ཀྱི་དཀའ་ངལ་འཕྲལ་གྱིན་ཡོད་འདུག

དཔལ་འབྱོར་རིག་པའི་ཐོག་མཁས་པ་དག་གིས་བརྗོད་དོན་ལ་ད་ཆར་ས་གནས་མང་པོའི་ནང་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ཁྲོམ་རྭའི་ནང་མི་མང་གི་འབྲུ་རིགས་དང་། ཟས་རིགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པའི་རྐྱེན་གྱིས་གོང་ཚད་འཕར་བཞིན་ཡོད་འདུག རྒྱ་གར་གཞུང་གིས་བརྗོད་དོན་ལ་ད་ལྟ་གནས་སྐབས་ཙམ་གོང་འཕར་བ་ལས་དུས་ཡུན་རིང་པོ་གནས་ཀྱི་མ་རེད་ཅེས་བརྗོད་འདུག་པ་བཞིན། ད་ཆར་ས་གནས་འགའ་ཤས་ནང་ཊོ་མ་ཊོའི་གོང་ཚད་ཆུང་དུ་འགྲོ་བཞིན་ཡོད་འདུག རྒྱ་གར་གྱི་ཟས་རིགས་ཕལ་ཆེ་བའི་ནང་ཊོ་མ་ཊོ་ནི་མེད་དུ་མི་རུང་བའི་ཟས་རིགས་གལ་ཆེ་ཞིག་ཡིན་ཞིང་། རྒྱ་གར་ནང་ཊོ་མ་ཊོ་དང་ཙོང་གཉིས་དུས་ཚོད་གཅིག་ལ་མི་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད། རྒྱུ་རྐྱེན་གཙོ་བོ་ནི་དུས་ངེས་མེད་དུ་ཆར་པ་འབབ་པ་དང་། ས་གནས་ཁ་ཤས་ལ་ཆར་ཆུ་མེད་པའི་རྐྱེན་གྱིས་འབྲུ་རིགས་དང་ཟས་རིགས་མི་སྐྱེ་བ། གནས་གཤིས་ཚ་དྲོད་མི་མཉམ་པའི་རྐྱེན་གྱིས་ཟས་རིགས་དག་ཡག་པོ་སྐྱེ་ཡི་ཡོད་མི་འདུག
ཧ་རི་ཡ་ནའི་མངའ་སྡེ་ནས་ཡིན་པའི་ཞིང་པ་ཨ་ར་ཝན་མ་ལི་ཀོ་(Arvind Malik)ཟེར་བ་ཞིག་གིས་བརྗོད་དོན་ལ་ངས་ལོ་ལྟར་ཊོ་མ་ཊོ་ཀི་ལོ་༣༠༠༠༠ འཚོང་གི་ཡོད་ཀྱང་། འདི་ལོར་དེའི་ཕྱེད་ཀ་མ་གཏོགས་བཙོངས་ཐུབ་མ་སོང་ཟེར།
འདི་ལོའི་དཀའ་ངལ་ནི་ཆར་པ་དུས་ཚོད་ངེས་མེད་ཀྱིས་བབས་པའི་རྐྱེན་ཡིན་འདུག་ལ། དཔལ་འབྱོར་རིག་པ་བ་ཨ་ཤོ་ཀི་དྷོ་ལ་ཏི་( Ashok Dulati)བརྗོད་དོན་ལ་རྒྱ་གར་ནང་ཊོ་མ་ཊོ་མང་ཤོས་དེ་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་ནང་ནས་ཡོང་གི་ཡོད་འདུག ཀ་ན་ཊ་ཀའི་མངའ་སྡེའི་ནང་ཕྱི་ཟླ་གསུམ་པ་དང་། བཞི་པ། ལྔ་པ་བཅས་ལ་ཊོ་མ་ཊོ་སྐྱེ་ཡི་ཡོད་འདུག་པ་དང་། ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ནས་ཁྲོམ་རྭའི་ནང་ཊོ་མ་ཊོ་དབོར་འདྲེན་བྱེད་མཁན་ཉུང་དུ་ཕྱིན་ནས་ཊོ་མ་ཊོ་གོང་ཚད་འཕར་འགོ་བཙུགས་ཡོད་པ་ཁོང་གིས་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་དམིགས་བསལ་ཆར་དུས་སྐབས་ུས་ཧི་མ་ཅལ་དང། ཤར་བྷང་གལ་ནང་དུས་ཐོག་ཟས་རིགས་དང་། ཚལ་རིགས་དབོར་འདྲེན་མ་ཐུབ་པའི་རྐྱེན་གྱིས་རིན་གོང་འཕར་གྱི་ཡོད་པ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།