རྒྱ་གར་ནང་དཔོན་པོ་སུས་ཀྱང་རླངས་འཁོར་ཐོག་གློག་དམར་དགར་མི་ཆོག་པ།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཨ་རུན་ཇེ་ཏི་ལི་ཡིས་ཟླ་༥ པའི་ཚེས་༡ ནས་འགོ་འཛུགས་ཀྱིས་རླངས་འཁོར་སྟེང་གི་གློག་དམར་སྒྲོན་སྟེགས་གཅིག་ཀྱང་དགར་མི་ཆོག་པ་དང་། དེའི་ཐད་སུ་ལ་ཡང་དམིགས་བསལ་མེད་སྐོར་བརྗོད་ཡོད་འདུག

མངའ་སྡེ་དང་དབུས་གཞུང་གི་ནང་དཔོན་རིགས་ཚོས་གློག་དམར་པོ་བེད་སྤྱོད་གཏོང་ཆོག་པའི་ཁྲིམས་དེ་གཞུང་འདིས་མེད་པ་བཟོས་པ་ཞིག་ཡིན་པ་དང་། ཐག་གཅོད་དེའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་ཌི་ཡིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ནང་། “རྒྱ་གར་བ་ཚང་མར་དམིགས་བསལ་ཡིན། རྒྱ་གར་བ་ཚང་མ་གལ་ཆེའི་མི་སྣ་ཡིན་”ཞེས་བསྒྲགས་ཡོད་པ་དང་། དེར་མཆན་འདེབས་མཁན་ཚོས་དེ་ནི་ཐག་གཅོད་ཡག་པོ་ཞིག་ཡིན་སྐོར་དང་། ཁྲིམས་དེ་སྔོན་ཚུད་ནས་བཟོ་དགོས་པ་ཞིག་ཡིན་སྐོར་བཅས་འབྲི་བཞིན་ཡོད་པ་རེད།

ཁྲིམས་གསར་པའི་ནང་ཛ་དྲག་གི་མྱུར་སྐྱོབ་རླངས་འཁོར་དང་ མེ་གསོད་རླངས་འཁོར། ཉེན་རྟོག་རླངས་འཁོར་རྣམས་གཅིག་པུའི་ཐོག་གློག་བརྡ་སྔོན་པོ་དེ་བེད་སྤྱོད་བྱེད་ཆོག་པ་ཡིན་འདུག

དཔོན་རིགས་ཚོའི་རླངས་འཁོར་སྟེང་གི་གློག་དམར་སྒྲོན་སྟེགས་ལ་སྐྱོན་བརྗོད་བྱེད་མཁན་ཚོས། གལ་ཆེའི་མི་སྣ་ཚོའི་དབང་ཐང་གི་མཚོན་རྟགས་སུ་རླངས་འཁོར་སྟེང་དུ་གློག་དམར་སྒྲོན་སྟེགས་བེེད་སྤྱོད་བྱེད་པ་འདིས། ཉིན་ལྟར་ལས་ཀ་ལ་བསྐྱོད་མཁན་སོགས་ལ་འགྲིམ་འགྲུལ་ཟང་ཟིང་བཟོ་ཡི་ཡོད་སྐོར་དང་། དེ་བཞིན་གྲོང་ཁྱེར་ནང་འགྲིམ་འགྲུལ་འཚང་འགག་གི་སྐབས་སུ་ཆབ་སྲིད་པ་དང་གཞུང་གི་ལས་བྱེད་ཚོས་རླངས་འཁོར་ཐོག་གི་གློག་དམར་སྒྲོན་སྟེགས་ཡོད་པ་སྒེར་གྱི་ཆེད་དུ་བེད་སྤྱད་བྱེད་བཞིན་ཡོད་སྐོར་བཅས་ཀྱི་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་རེད་འདུག

གློག་དམར་སྒྲོན་སྟེགས་བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་གསར་པ་འདི་ནི་རྒྱ་གར་ནང་ཆབ་སྲིད་པ་དང་གཞུང་གི་ལས་བྱེད་ཚོར་མི་སེར་དཀྱུས་མའི་ལག་ནས་དམིགས་བསལ་ཁེ་དབང་ཐོབ་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་སྐོར་ཡང་འདུག

ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཌི་ཀེ་ཇི་རི་ཝལ་གྱིས་ཕྱི་ལོ་༢༠༡༥ ལོར་ཁོང་གི་རླངས་འཁོར་ཐོག་གློག་དམར་སྒྲོན་སྟེགས་བེད་སྤྱོད་བྱེད་ཀྱི་མེད་པ་ནན་བརྗོད་ཀྱིས་དེ་བེད་སྤྱོད་བྱེད་མི་ཆོག་པ་བཟོ་དགོས་སྐོར་ཐོག་མར་བརྗོད་པ་ཞིག་ཡིན་འདུག་ལ།

འདི་ལོའི་ཕྱི་ཟླ་༥ པའི་ཚེས་༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།