རྒྱ་གར་ནང་དཔྱ་ཁྲལ་ཚད་གཞི་གཅིག་འགྱུར་བཟོ་རྒྱུ།
རྒྱ་གར་གྲོས་ཚོགས་གོང་མའི་ནང་དུ་ཅ་དངོས་དང་ཞབས་ཞུའི་དཔྱ་ཁྲལ་དེ་རྒྱ་གར་རྒྱལ་ཡོངས་ནང་གཅིག་འགྱུར་བཟོ་རྒྱུའི་རྩ་ཁྲིམས་གྲོས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག
དེ་ཡང་ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་ནང་དུ། རྒྱ་གར་རྒྱལ་ཡོངས་ནང་དུ་ཅ་དངོས་བཟོ་སྐྲུན་དང་ཉོ་ཚོང་དང་། དེ་བཞིན་ཞབས་ཞུ་ཁག་གི་ཐོག་ལ་དཔྱ་ཁྲལ་དེ་རྒྱ་གར་དབུས་གཞུང་ནས་གཏན་འབེབས་བྱས་པའི་དཔྱ་ཁྲལ་གྱི་ཚད་གཞི་གཞིར་བཟུང་བྱས་ནས་དཔྱ་ཁྲལ་འཇལ་དགོས་པའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་ཐོག གྲོས་ཚོགས་ནང་ངོ་ཡོད་འཐུས་མི་༢༠༣ ཆ་ཚང་གིས་རྒྱབ་སྐྱོར་བྱས་འདུག ད་ལྟའི་ཆར་དཔྱ་ཁྲལ་གྱི་ཚད་གཞི་གཏན་འབེབས་བྱ་རྒྱུ་ཡིན་པ་དང་། གྲོས་ཚོགས་འོག་མའི་ནང་གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཕྱི་ལོ་༢༠༡༥ ལོར་ཐོབ་ཟིན་ཡོད་འདུག
ཁྲིམས་དེ་ལ་བརྟེན་ནས་རྒྱ་གར་ནང་དུ། ཅ་དངོས་དང་ཞབས་ཞུའི་ཐོག་ལ་དཔྱ་ཁྲལ་ཐེངས་མང་སྤྲོད་མི་དགོས་པས། ཅ་དངོས་བཟོ་སྐྲུན་གྱི་རིན་གོང་དང་ཅ་དངོས་ཀྱི་རིན་གོང་དངོས་གཞི་སོགས་ཆུང་དུ་འགྲོ་རྒྱུ་ཡིན་འདུག དེ་བཞིན་རྒྱ་གར་རྒྱལ་ཡོངས་ནང་དུ་ཚོང་འབྲེལ་གྱི་ལས་ལ་འཇུག་སྐབས། དཔྱ་ཁྲལ་གཅིག་འགྱུར་ཡིན་པས་ཚོང་ལས་ལ་སྟབས་བདེ་པོ་དང་། དཔྱ་ཁྲལ་བརྒྱུད་ནས་ལྐོག་ཟ་རུལ་སུངས་དང་དཔྱ་ཁྲལ་མི་འཇལ་བ་སོགས་ཀྱི་བྱ་སྤྱོད་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད་འདུག འོན་ཀྱང་དཔྱ་ཁྲལ་གཅིག་འགྱུར་གྱི་ཁྲིམས་དེའི་ནང་རྡོ་སྣུམ་དང་ཆང་རག་སོགས་ཚུད་ཀྱི་མེད་པས། དེ་དག་གི་རིན་གོང་ལ་ཁྱད་པར་འགྲོ་ཡི་མེད་པ་རེད་འདུག
ཁྲིམས་གསར་དེར་རྒྱ་གར་གྱི་གྲོས་ཚོགས་ནང་གཞུང་འཛིན་ཆབ་སྲིད་ཚོགས་པ་རིམ་པས་གྲོས་འཆར་བཏོན་ཡོད་འདུག་ཀྱང་། དགག་ཕྱོགས་ཚོགས་པས་མང་མོས་རྒྱབ་སྐྱོར་མ་བྱས་པས་ད་བར་ལྷག་ཡོད་འདུག ཐེངས་འདིའི་ཁྲིམས་གསར་དེ་ནི་ལོ་ངོ་༢༥ ཡི་ནང་རྒྱ་གར་གྱི་དཔལ་འབྱོར་གྱི་གསར་གཏོད་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།