རྒྱ་གར་ནང་དམར་ཤོག་ལྟ་བ་ཁྱབ་གདལ་དང་གྱེན་ལོག་ཤོག་ཁག་གིས་ངོ་རྒོལ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཉེ་ཆར་རྒྱ་གར་གྱི་(Chhattisgarh)ཆ་ཏེས་སི་སྒར་མངའ་སྡེའི་ནང་མའོ་ཡི་ལྟ་བའི་རྗེས་འབྲངས་པ་མི་༣༡ རྒྱ་གར་གྱི་བདེ་སྲུང་དམག་མི་དང་གདོང་ཐུག་བྱུང་ནས་བསད་ཡོད་འདུག་ཅིང་། དེ་བཞིན་རྒྱ་གར་གྱི་བདེ་སྲུང་དམག་མིའི་དམག་དཔོན་གཉིས་ཀྱང་ཚུར་བསད་ཡོད་འདུག རྒྱ་གར་ནང་མའོ་ཡི་ལྟ་བའི་རྗེས་འབྲངས་པ་མང་དུ་འགྲོ་བཞིན་ཡོད་འདུག་པར་བརྟེན། དེ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པར་རྗོད་ཀྱི་ཡོད་འདུག
ཕྱི་ཚེས་༩ བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཆ་ཏེས་སི་སྒར་(Chhattisgarh)མངའ་སྡེའི་ནང་མའོ་ཡི་ལྟ་བའི་རྗེས་འབྲང་པའི་གྱེན་ལོག་ཤོག་ཁག་གི་མི་༣༡ རྒྱ་གར་གྱི་བདེ་སྲུང་དམག་མི་དང་གདོང་ཐུག་བྱུང་ནས་བསད་ཡོད་འདུག་ཅིང་། ཚུར་རྒྱ་གར་གྱི་བདེ་སྲུང་དམག་མིའི་དམག་དཔོན་གཉིས་བསད་ཡོད་འདུག་པ་དང་། མངའ་སྡེ་དེའི་ནང་ལོ་མང་པོ་སྔོན་ནས་མའོ་ལྟ་བའི་རྗེས་སུ་འབྲངས་པའི་གྱེན་ལོག་ཤོག་ཁག་ཚོས་མི་མང་སྐྱོ་བོ་ཚོ་ལ་ཐོབ་ཐང་འདྲ་མཉམ་དགོས་ཚུལ་བརྗོད་ནས་དྲག་པོའི་ཐོག་ནས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག་ཅིང་། ཉེ་ཆར་གཟའ་ཉི་མའི་ཉིན་གྱེན་ལོག་ཤོག་ཁག་དེ་དང་རྒྱ་གར་གྱི་བདེ་སྲུང་དམག་མིའི་བར་གདོང་ཐུག་ཤོར་ནས་མི་གསོད་དོན་རྐྱེན་ཆེན་པོ་བྱུང་ཡོད་འདུག
ཕྱི་ལོ་༡༩༦༠ ནང་རྒྱ་ནག་དམར་ཤོག་གི་སྲིད་འཛིན་ཐོག་མ་མའོ་ཡི་ལྟ་བའི་རྗེས་འབྲངས་བྱེད་མཁན་རྒྱ་གར་གྱི་ནུབ་(Bengal)བྷན་གལ་མངའ་སྡེའི་ནང་ཇེ་མང་དུ་ཕྱིན་ཡོད་ཅིང་། མའོ་ལྟ་བ་ཁྱབ་གདལ་འགྲོ་དོན་ནི་མངའ་སྡེ་དེའི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པའི་རྐྱེན་གྱིས། (Naxalbari)ཟེར་བའི་གྲོང་གསེབ་གཅིག་གི་ནང་དུ་ཡོད་པའི་མི་མང་ཚོ་ལ་ས་བདག་ཚོས་མནར་གཅོད་དང་བཤུ་གཞོག་དྲག་པོ་བཏང་བའི་རྐྱེན་གྱིས་ས་མེད་མཁན་གྱི་མི་མང་སྐྱོ་བོ་ཚོས་གྱེན་ལོག་འགོ་བཙུགས་ཡོད་པར་བརྗོད་པ་དང་། ཕྱིས་སུ་རྩོད་རྙོག་དེ་ཤོག་ཁག་གཉིས་བར་དུ་བྱུང་ནས་མི་གསོད་དོན་རྐྱེན་ཆེན་པོ་བྱུང་ཡོད་འདུག
ཕྱིས་སུ་(Naxal)མི་མང་ཚོས་དྲག་པོའི་ཐོག་ནས་གྱེན་ལོག་བྱེད་འགོ་བཙུགས་ཡོད་ཅིང་། ཁོང་ཚོའི་ལྟ་བ་ནི་རྒྱ་ནག་དམར་ཤོག་གི་སྲིད་འཛིན་ཐོག་མ་མའོ་ཙེ་ཏུང་གི་ལྟ་བ་ལས་བློ་སྐྱེད་བླངས་པ་ཞིག་ཡིན་པ་དང་། དྲག་པོ་ལས་འགུལ་ནི་ས་བདག་གྲས་རིམ་གྱི་དབང་འཛིན་པ་ཚོ་འགོ་རྟིང་སློག་ཐབས་ཀྱི་ཐབས་ལམ་ལེགས་ཤོས་ཁོ་ན་དེ་ཡིན་པ་ངོས་འཛིན་གྱི་ཡོད་འདུག དེ་རྗེས་རྒྱ་གར་ནང་(Marxist -leninist)ཟེར་བའི་དམར་ཤོག་ཚོགས་པ་བཙུགས་ནས་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་དམར་ཤོག་གི་ལྟ་བ་ཁྱབ་གདལ་ཆེན་པོ་ཕྱིན་ཡོད་འདུག ཕྱི་ལོ་༡༩༩༠ ནང་ནུབ་བྷན་གལ(west Bengal)དང། ཇར་ཁང་(Jharkand) ཆར་ཏེས་སི་སྒར( Chattisgarh)ཨོ་ཌི་ཤ( Odisha )མ་ཧ་ར་ཤེ་ཏར( Maharashtra) ཨན་དིར་པར་དྷེ་ཤི(Andhra Pradesh)སོགས་ཀྱི་མངའ་སྡེ་བཅུ་དང་རྫོང་༡༨༠ ། རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁྱོན་བརྒྱ་ཆ་༤༠ ཙམ་གྱི་ནང་ཁྱབ་གདལ་ཆེན་པོ་ཕྱིན་ཡོད་འདུག རྒྱ་གར་ནང་གི་དམར་ཤོག་ཚོགས་པ་དེ་དག་གིས་གཙོ་བོ་ས་གནས་སོ་སོའི་ནང་དུ་ཡོད་པའི་གདོད་མའི་མི་རིགས་རྣམས་ལ་ས་ཞིང་བགོ་འགྲེམས་བྱས་ནས་ཁོང་ཚོ་ལ་ཡང་ས་ཞིང་ཐོབ་ཐང་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་ལ། དེ་བཞིན་ཁོང་ཚོ་འཚོ་གནས་བྱེད་སར་རྒྱ་གར་གཞུང་གིས་གློག་ཁང་གསར་རྒྱག་དང་འཛུགས་སྐྲུན་ལས་གཞི་སོགས་ཀྱིས་རྐྱེན་པའི་གནས་སྤོ་དགོས་བྱུང་བ་དང་། ས་གཞི་ཤོར་བ་སོགས་ཁོང་ཚོའི་འཚོ་བ་ལ་དོ་ཕོག་ཆེན་པོ་བཏང་ཡོད་པའི་རྐྱེན་གྱིས་གྱེན་ལོག་ཆེན་པོ་བྱུང་ཡོད་འདུག
རྒྱ་གར་གཞུང་གིས་ཕྱི་ལོ༢༠༠༩ ཙམ་ལ་རྒྱ་གར་ནང་གི་དམར་ཤོག་ཚོགས་པའི་གྱེན་ལོག་དེ་ནི་རྒྱ་གར་རྒྱལ་ནང་ནས་བྱུང་བའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་གཅིག་ཡིན་པ་རྒྱ་གར་གྱི་སྲིད་བློན་འདས་པོ་(Manmohan Singh)མན་མོ་ཧན་སིང་གིས་བརྗོད་མྱོང་ཡོད་འདུག དེ་རྗེས་དམར་ཤོག་ཚོགས་པའི་གྱེན་ལོག་པ་མེད་པ་བཟོ་ཆེད་དུ་རྒྱ་གར་གཞུང་གིས་དམིགས་བསལ་དམག་མི་བཏང་སྟེ་(Operation green Hunt)ཟེར་བའི་ལས་འགུལ་དེ་སྤེལ་ནས་མེད་པ་བཟོ་ཐབས་བྱས་ཡོད་འདུག་ཀྱང་། ད་ལྟར་མངའ་སྡེ་མང་པོའི་ནང་དམར་ཤོག་གི་ལྟ་བའི་རྗེས་འབྲངས་པ་མང་པོ་ཡོད་འདུག ཉེ་ཆར་གཟའ་ཉི་མའི་ཉིན་མའོ་ལྟ་བའི་རྗེས་འབྲངས་པའི་གྱེན་ལོག་ཤོག་ཁག་ཚོ་དང་། རྒྱ་གར་གྱི་བདེ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ནས་གྱེན་ལོག་ཤོག་གི་མི་༣༡ དང་རྒྱ་གར་གྱི་བདེ་སྲུང་དམག་དཔོན་གཉིས་བསད་ཡོད་འདུག་པ་དང་། དེ་བཞིན་དམག་མི་འགའ་ཤས་རྨས་ཡོད་འདུག དོན་རྐྱེན་དེ་(Chhattisgarh)ཆ་ཏེས་སི་སྒར་མངའ་སྡེའི་(Bijapur)ཟེར་བའི་ཤིང་ནགས་ཁྲོད་བྱུང་ཡོད་འདུག་པ་དང་། རྒྱ་གར་གྱི་ལོ་རྒྱུས་ནང་ཕྱི་ལོ་༡༩༦༠ ཙམ་ནས་ད་བར་དོན་རྐྱེན་དེ་སྡུག་ཤོས་དང་མི་མང་ཤོས་སུ་འདས་གྲོངས་སུ་གྱུར་པའི་དོན་རྐྱེན་ཞིག་ཡིན་འདུག ལོ་སྔོན་མ་གཅིག་པུའི་ནང་རྒྱ་གར་གྱི་བདེ་སྲུང་དམག་གིས་གྱེན་ལོག་ཤོག་ཁག་གི་མི་༢༨༧ ཙམ་བསད་ཡོད་པར་བརྗོད་འདུག་ཅིང་། ཕྱི་ལོ་༡༩༦༠ ཙམ་ནས་ད་བར་མི་༡༠༠༠༠ ལྷག་ཙམ་བསད་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།