རྒྱ་གར་ནང་བཙན་གཡེམ་བྱེད་མཁན་མི་༤ ལ་སྲོག་ཐོག་ཁྲིམས་ཐག་བཅད་འདུག
རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་༢༠༡༢ ལོའི་བཙན་གཡེམ་དོན་རྐྱེན་གྱི་ཉེས་ཅན་པ་༤ ལ་ཟླ་འདིའི་ཚེས་༥ ཉིན་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྐྱེས་པ་༦ གིས་དེ་སྔོན་ཕྱི་ལོ་༢༠༡༢ ལོར་བུ་མོ་ཞིག་ལ་མཉམ་རུབ་ཀྱིས་བཙན་གཡེམ་བྱས་ཡོད་པ་དང་། དེའི་སྐོར་ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བྷ་ནུ་མ་ཐི་ཡིས། གནས་ཚུལ་དེ་ནི་ཆེས་གདུག་རྩུབ་ཅན་དང་། ཀླ་ཀློའི་བྱ་སྤྱོད་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་བཟང་སྤྱོད་ལ་ཡང་དོ་ཕོགས་བཟོས་ཡོད་པས། བཙན་གཡེམ་བྱེད་མཁན་༦ གི་ཁྲོད་ནས་མི་༤ ལ་སྲོག་ཐོག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག་པ་མ་ཟད། བཙན་གཡེམ་དོན་རྐྱེན་དེས་རྒྱ་གར་རྒྱལ་ཡོངས་སུ་ཁོང་ཁྲོ་དྲག་པོ་བསླངས་ཡོད་ཁར། བཙན་གཡེམ་གྱི་གནས་ཚུལ་ཐོག་ཁྲིམས་གསར་པ་ཡང་བཟོ་དགོས་འཁེལ་ཡོད་པ་རེད་འདུག
དེ་སྔོན་ཕྱི་ལོ་༢༠༡༣ ལོར་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་གིས་གོང་གསལ་མི་༤ པོར་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། དེའི་ནང་ནས་མི་༣ ལ་ཉེས་ཆད་དེའི་ཚབ་ཏུ་ལེགས་བཅོས་ཀྱི་གོ་སྐབས་ཤིག་སྤྲད་དགོས་སྐོར་ཐོག་དག་འབུད་པའི་ཁྲིམས་རྩོད་པ་ཨ་པི་སིན་གྱིས་ཁྲིམས་རྩོད་ཞུ་གཏུགས་བྱས་སྟབས། མཐར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱེད་དགོས་འཁེལ་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མི་༤ ཆར་ལ་དེ་སྔོན་མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཟླ་འདིའི་ཚེས་༥ ཉིན་བསྒྲགས་ཡོད་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བརྗོད་པ་ལྟར་ན། ལོ་སྔོན་མར་རྒྱ་གར་ནང་མི་བརྒྱ་ཕྲག་ལས་བརྒལ་བ་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ཕྱི་ལོ་༢༠༠༧ ནས་བཟུང་ད་བར་མི་༣ མ་གཏོགས་དངོས་སུ་སྲོག་ཐོག་བཏང་མེད་པ་རེད་འདུག
ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡༢ པའི་ནང་། ལོ་ན་༢༣ ལ་སོན་ཞིང་ལུས་ཁམས་གསོ་བཅོས་ཀྱི་སློབ་སྦྱོང་བྱེད་མཁན་བུ་མོ་ཇོའོ་ཏི་སིན་ཞེས་པ་དེ། ཁོ་མོའི་གྲོགས་པོ་བུ་ཞིག་དང་ལྷན་དུ་རྒྱལ་ས་ལྡི་ལིའི་གློག་བརྙན་བལྟ་ས་ཞིག་ནས་ནང་དུ་ལོག་པའི་ལམ་བར་ནས། སྤྱི་སྤྱོད་རླངས་འཁོར་ཞིག་ནང་འགྲོ་བཞིན་པའི་སྐབས། བུ་༦ མཉམ་རུབ་ཀྱིས་བཙན་གཡེམ་བྱས་ཡོད་པ་དང་། དེ་རྗེས་མོ་མཚན་ནང་ལྕགས་ཧྲེང་ བརྫངས་ནས། ནང་ཁྲོལ་འཕྲོ་བརླག་བཏང་ཡོད་སྟབས། སེང་གྷ་པུར་ལ་སྨན་བཅོས་བྱེད་དུ་ཁྱེར་ཡོད་ཀྱང་བདུན་ཕྲག་གཉིས་ཀྱི་རྗེས་སུ་གྲོངས་ཡོད་པ་མ་ཟད། གནས་ཚུལ་དེ་བྱུང་སྐབས་བུ་མོ་དེར་རོགས་པ་བུ་ཞིག་ཡོད་པ་དེ་ལ་ཡང་རྡུང་བརྡེག་ཚབས་ཆེན་བཏང་ཡོད་འདུག
དང་ཐོག་བཙན་གཡེམ་དེའི་གནས་ཚུལ་བྱུང་སྐབས་མི་༦ འཛིན་བཟུང་བྱས་ཡོད་ཀྱང་། རེམ་སིན་ཞེས་པའི་མི་གཅིག་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༣ པའི་ནང་བཙོན་ཁང་ནས་ཤི་ཡོད་པ་དང་། དེ་ནི་རང་ཤི་བརྒྱབས་པ་ཡིན་སྐོར་འདུག ཉེས་ཅན་པ་གཞན་ཞིག་སྐབས་དེར་རང་ལོ་༡༧ ལས་སོན་མེད་པས། རྒྱ་གར་གྱི་ཁྲིམས་ལུགས་ལྟར་ལོ་ན་༡༨ མ་སོན་པ་རྣམས་ལ་ལོ་༣ གྱི་ལེགས་བཅོས་བཙོན་འཇུག་བྱས་རྗེས་གློད་གྲོལ་གཏོང་སྲོལ་ཡོད་པ་བཞིན། ཁྲིམས་དེ་ལག་བསྟར་བྱས་པའི་རྗེས་སུ་གློད་གྲོལ་བཏང་ཡོད་འདུག
ཕྱི་ལོ་༢༠༡༢ ལོར་བྱུང་བའི་བཙན་གཡེམ་གྱི་གནས་ཚུལ་དེའི་རྗེས། བཙན་གཡེམ་གྱི་དོན་རྐྱེན་ལ་རྒྱ་གར་གྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། ༢༠༡༥ ལོར་ རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀས་ལོ་༡༦ ནས་༡༨ བར་གྱི་གཞོན་སྐྱེས་ཚོས་བཙན་གཡེམ་དང་མི་གསོད་པ་སོགས་ཚབས་ཆེ་བའི་ནག་ཉེས་ཀྱི་བྱ་བ་བགྱིས་ཚེ། མི་རྒན་པ་ལྟར་ཁྲིམས་ཐག་གཅོད་ཆོག་པའི་ཁྲིམས་འཆར་ཡིག་ཆ་ལ་མང་མོས་ཐོབ་ཡོད་པ་རེད།
༢༠༡༢ ལོར་བཙན་གཡེམ་གྱི་དོན་རྐྱེན་དེ་བྱུང་རྗེས་རྒྱ་གར་གཞུང་གིས་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་དམ་དུ་བཏང་ཡོད་ཀྱང། བཙན་གཡེམ་གྱི་གནས་ཚུལ་ནི་མང་དུ་ལས་ཉུང་དུ་འགྲོ་ཡི་མེད་པ་མ་ཟད། བུ་མོ་ལོ་ན་༤ དང་༥ ལ་སོགས་པ་ཚོ་ལ་ཡང་བཙན་གཡེམ་བྱས་པའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་རེད།
ད་ཐེངས་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པའི་མི་༤ པོས་ད་དུང་ཡང་། བསྐྱར་ཞིབ་ཀྱི་རེ་སྐུལ་དང་། སྲིད་འཛིན་ལ་སྙིང་རྗེའི་རེ་ཞུ་རྒྱག་ཆོག་གི་ཡོད་འདུག་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ལ་འགྱུར་བ་ཡོང་རྒྱུ་ཁག་པོ་ཡིན་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།