རྒྱ་གར་ནང་མཁའ་རླུང་བཙོག་པའི་རྐྱེན་གྱིས་མི་ས་ཡ་གཅིག་ལས་མང་བ་ཤི་ཡོད་པ།
ཉེ་ཆར་འཛམ་གླིང་གི་མཁའ་རླུང་གནས་སྟངས་ཞེས་པའི་སྙན་ཐོ་ཞིག་ནང་། ཕྱི་ལོ་༢༠༡༥ ལོར་རྒྱ་གར་ནང་མཁའ་རླུང་འབག་བཙོག་གི་རྐྱེན་པས། མི་གྲངས་ས་ཡ་༡.༡ ཤི་ཡོད་སྐོར་བཀོད་ཡོད་ཀྱང་། རྒྱ་གར་དབུས་གཞུང་གིས་ཚབས་ཆེན་གྱི་སྙན་ཐོ་དེར་ཡིད་འཇོག་བྱེད་མི་འོས་པའི་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་དབུས་གཞུང་གིས་ཉེ་ཆར་བཏོན་པའི་འཛམ་གླིང་གི་མཁའ་རླུང་འབག་བཙོག་གི་སྙན་ཐོ་དེར་སེམས་འཚབ་བསྟན་ཡོད་ཀྱང་། མི་གྲངས་མང་པོ་ཤི་རྐྱེན་མཁའ་རླུང་འབག་བཙོག་གཅིག་པུ་མིན་སྐོར་བརྗོད་ཡོད་འདུག རྒྱ་གར་དབུས་གཞུང་གི་ཁོར་ཡུག་བློན་ཆེན་ཨ་ནེལ་མ་ཌ་ཝེ་ཡིས། རྒྱ་གར་གྱིས་ཕྱིའི་རྒྱལ་ཁབ་ཀྱིས་བཏོན་པའི་སྙན་ཐོ་ལ་གཞིགས་ནས་ལས་ཀ་བྱེད་ཀྱི་མེད་ཁར། རྒྱལ་ནང་དུ་ཞིབ་འཇུག་བྱས་པར་ཡིད་རྟོན་བྱེད་པར་འདོད་མོས་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་རྒྱ་གར་ནང་གི་མཁའ་རླུང་འབག་བཙོག་གི་གནས་སྟངས་དེ་ཚབས་ཆེན་ཡིན་པར་ཁས་ལེན་དང་། དབུས་གཞུང་གིས་དཀའ་ངལ་དེ་སེལ་ཐབས་སུ་བྱ་སྤྱོད་སྣ་ཚོགས་ལ་འཇུག་བཞིན་སྐོར་བརྗོད་ཡོད་འདུག
སྙན་ཐོ་དེར་གཞིར་བཞག་ན། མཁའ་རླུང་འབག་བཙོག་ནི་འཛམ་གླིང་ནང་མིའི་ཤི་རྐྱེན་གཙོ་བོར་གྱུར་ཡོད་ཁར། འཛམ་གླིང་མི་འབོར་བརྒྱ་ཆ་༩༢ མཁའ་རླུང་གཙང་མ་མེད་པའི་ས་གནས་སུ་གནས་སྡོད་བྱེད་ཀྱི་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༥ ལོར་འཛམ་གླིང་ནང་མཁའ་རླུང་འབག་བཙོག་གི་རྐྱེན་པས། མི་གྲངས་ས་ཡ་༤ ལས་མང་བ་དུས་ལ་མ་བབ་པའི་སྔོན་ནས་ཤི་ཡོད་འདུག་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ནང་མི་ས་ཡ་གཅིག་རེ་ལས་མང་བ་ཤི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།