རྒྱ་གར་ནང་མི་མང་གི་ལས་འགུལ་སྤེལ་ཡུལ་གྲགས་ཆེ་ཤོས་དེ་གཙང་བཟོ་བྱས་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མི་མང་གི་ལས་འགུལ་སྤེལ་ཡུལ་ཆེ་ཤོས་ཇན་ཏར་མན་ཏར་ཞེས་པ་དེ་ལས། རྒྱ་གར་རྒྱལ་ཡོངས་ཁོར་ཡུག་ཁྲིམས་ཞིབ་ཁང་གིས་བཀའ་ལྟར། མི་མང་ལས་འགུལ་བ་ཚང་མ་ཕྱིར་འབུད་བཏང་འདུག་པ་དང་། ཕྱོགས་འགལ་ཚོགས་པ་ཚོས་བྱེད་ལས་དེ་ནི་དབུས་གཞུང་གིས་མང་གཙོའི་ཁེ་དབང་ལ་རྡོག་རོལ་བཏང་བ་ཡིན་སྐོར་གྱི་སྐྱོན་བརྗོད་བྱེད་བཞིན་འདུག

ཟླ་༡༠ པའི་༣༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༡༠ པའི་ཚེས་༥ ཉིན་རྒྱ་གར་རྒྱལ་ཡོངས་ཁོར་ཡུག་ཁྲིམས་ཞིབ་ཁང་གིས། རྒྱ་གར་ནང་མི་མང་ལས་འགུལ་སྤེལ་ཡུལ་གྲགས་ཆེ་ཤོས་ཇན་ཏར་མན་ཏར་ལ། རྒྱུན་དུ་ནས་མི་མང་འདུ་འཛོམས་དང་སྐད་འབོད་ལས་འགུལ་སོགས་ཀྱིས་རྐྱེན་པས། ཁུལ་དེར་གནས་སྡོད་བྱེད་མཁན་རྣམས་ལྷིང་འཇགས་ངང་གནས་སྡོད་ཐུབ་ཀྱི་མེད་པས། ཁུལ་དེར་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་དགོས་པ་དང་། ལས་འགུལ་རིགས་རམ་ལི་ལ་ཐང་སྟེང་དུ་གནས་སྤོ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག བཀའ་ཁྱབ་དེ་ཡང་དེ་སྔོན་ཁུལ་དེར་གནས་སྡོད་མཁན་རྣམས་ཀྱིས་རྒྱུན་ལྡན་གྱི་ངོ་རྒོལ་ལས་འགུལ་སོགས་ཀྱི་སྐད་སྒྲས་སུན་པོ་བཟོ་ཡི་ཡོད་པའི་ཞུ་སྙན་སྤྲད་པའི་རྐྱེན་གྱིས་ཐག་བཅད་པ་ཡིན་འདུག

བཀའ་ཁྱབ་དེའི་ནང་ཟླ་༡༠ པའི་ཚེས་༢༩ རྗེས་ལ་ཇན་ཏར་མན་ཏར་ངོ་རྒོལ་ལས་འགུལ་མཚམས་འཇོག་དགོས་པ་མ་ཟད། གནས་སྐབས་རིང་གནས་སྡོད་ཀྱི་གུར་སོགས་ཚང་མ་གཙང་བཟོ་བྱེད་དགོས་པ་ཡོད་འདུག ཟླ་༡༠ པའི་ཚེས་༣༠ ཉིན་གྱི་སྔ་དྲོར་ལྡི་ལིའི་ཉེན་རྟོག་རུ་ཁག་སླེབས་ནས། ལས་འགུལ་བ་ཚང་མ་ཕྱིར་འབུད་བཏང་བ་དང་། གནས་སྐབས་རིང་གནས་སྡོད་ཀྱི་གུར་སོགས་ཚང་མ་གཙང་བཟོ་བྱས་ཡོད་པ་རེད་འདུག

སྐབས་དེར་ལས་འགུལ་བ་དམག་དཔོན་ཟུར་པ་ཞིག་གིས། གལ་ཏེ་ལས་འགུལ་ཚང་མ་རམ་ལི་ལ་ཐང་སྟེང་དུ་སྤེལ་དགོས་ཚེ། ཉིན་རེར་རྩ་ཁྲིམས་ཀྱི་ཐོབ་ཐང་ལྟར་ལས་འགུལ་སྤེལ་བར་ཧིན་སྒོར་ཁྲི་ལྔ་སྤྲོད་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཇན་ཏར་མན་ཏར་ལས་འགུལ་སྤེལ་སྐབས་སྐད་གྲས་སུན་པོ་བཟོ་ཡི་ཡོད་ན། རམ་ལི་ལར་སྨན་ཁང་གསུམ་ཡོད་པས། དེ་དག་ལ་སུན་པོ་ཆགས་པའི་དཀའ་ངལ་ཆེན་པོ་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྐབས་དེར་ལས་འགུལ་བ་མང་པོ་ཞིག་ཉེན་རྟོག་ཁང་དུ་དུས་ཐུང་རིང་བཀག་ཉར་བྱས་ཡོད་འདུག་པ་དང་། དེའི་ནང་དམག་མི་ཟུར་པ་མང་པོ་ཡང་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀོང་རི་སེའི་མགྲིན་ཚབ་པ་ཏམ་ཝ་ཌ་ཀན་གྱིས། གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་འབུར་འཇོམ་བྱེད་པའི་ལམ་ལུགས་དེ་ནི་དབུས་གཞུང་གི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཆགས་ཡོད་པ་དང་། མོ་ཌི་གཞུང་གིས་གཞུང་ལ་ཡོད་པའི་རྩ་ཁྲིམས་དང་མང་གཙོའི་ལས་འགན་འཁུར་རྒྱུའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག

ཁོང་གིས་དབུས་གཞུང་གིས་རྒྱལ་ཡོངས་ཁོར་ཡུག་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་མིང་ཁྱེར་ནས། རྒྱ་གར་ནང་གྲགས་ཆེ་བ་དང་ལོ་རྒྱུས་ལྡན་པའི་མི་མང་གི་ལས་འགུལ་སྤེལ་ཡུལ་དེ་གཙང་བཟོ་བྱས་ཡོད་ཀྱང་། དེའི་རྒྱབ་ལྗོངས་རྒྱུ་མཚན་དངོས་ནི་མི་མང་གིས་ཤེས་ཀྱི་ཡོད་པ་དང་། མོ་ཌི་སྲིད་གཞུང་འོག་ཏུ་མང་གཙོ་ལ་རྡོག་རོལ་གྱི་གནས་ཚུལ་མང་པོ་ཐོན་བཞིན་པ་དེ་ནི་གློ་བུར་གྱི་རྐྱེན་ཞིག་མིན་སྐོར་བརྗོད་འདུག

མི་མང་ལས་འགུལ་སྤེལ་ཡུལ་ཇན་ཏར་མན་ཏར་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆགས་ཡོད་པ་དང་། གྲོས་ཚོགས་ཀྱི་འགྲམ་དུ་ཆགས་ཡོད་པས། རྒྱུན་དུ་ནས་རྒྱ་གར་རྒྱལ་ཡོངས་ནས་སྒེར་དང་ཚོགས་སྡེ་ཁག་གི་དཀའ་ངལ་སོགས། བརྒྱུད་ལམ་ཁག་བརྒྱུད་ནས་ཁྱབ་སྤེལ་དང་ཞུ་གཏུག་གི་ལས་འགུལ་སྤེལ་ཡུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

དེ་གར་རྒྱུན་དུ་ནས་བོད་མི་རྣམས་ཀྱིས་གསུམ་བཅུའི་དུས་དྲན་དང་། རྒྱ་ནག་གི་དཔོན་རིགས་རྒྱ་གར་དུ་སླེབས་སྐབས། དེ་བཞིན་བོད་ནང་གི་གནས་སྟངས་ཛ་དྲག་སྐབས་སྐད་འབོད་དང་ཟས་བཅད་ངོ་རྒོལ་སོགས་ཀྱིས་ལས་འགུལ་སྤེལ་ཡུལ་གཙོ་བོ་དེ་ཆགས་ཀྱི་ཡོད་ཁར། དེ་སྔོན་ཕྱི་ལོ་༡༩༩༨ བོད་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་༢༠༡༢ ལོར་འཇམ་དཔལ་ཡེ་ཤེས་གཉིས་ཀྱིས། བོད་དོན་ཆེད་དུ་རང་ལུས་མེར་སྲེག་གནང་ཡུལ་ཡང་དེ་གར་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།