རྒྱ་གར་ནང་འགྲོ་སོང་ཕོན་ཆེན་བཏང་ནས་འཛམ་གླིང་གི་སྐུ་འདྲ་མཐོ་ཤོས་བཞེངས་འཆར།
རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤྲི་ཊིའི་མུམ་བྷའི་གྲོང་ཁྱེར་གྱི་མཚོ་ཁར་གནའ་རབས་ཀྱི་ཧིན་རྡུའི་རྒྱལ་པོ་ཅཱ་ཏེ་ར་པ་ཏི་ཤཱི་ཝ་ཇིའི་སྐུ་འདྲ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་འདུག་པ་དང་། དེ་འཛམ་གླིང་ནང་གི་སྐུ་འདྲ་མཐོ་ཤོས་ཆགས་རྒྱུ་ཡིན་འདུག་ཀྱང་། དེའི་འགྲོ་སོང་ཨ་སྒོར་ས་ཡ་༥༣༠ འགྲོ་རྒྱུ་ཡིན་པ་མ་ཟད། ཁོར་ཡུག་ལ་ཡང་གནོད་སྐྱོན་ཐེབས་རྒྱུ་ཡིན་འདུག་པས། དེར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག
ཟླ་འདིའི་ཚེས་༢༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛ་རའི་སྟེང་དུ་གནས་ཚུལ་བཀོད་གསལ། ཕྱི་ལོ་༢༠༡༩ ལོར་འཛུགས་སྐྲུན་མཇུག་བསྒྲིལ་རྒྱུ་ཡིན་པའི་མི་ཊར་༡༩༢ ཅན་གྱི་སྐུ་འདྲ་དེ་ནི། རྒྱ་གར་གྱི་གནའ་རབས་ཀྱི་ཧིན་རྡུ་རྒྱལ་པོ་ཅཱ་ཏེ་ར་པ་ཏི་ཤཱི་ཝ་ཇི་ཡི་དྲན་རྟེན་སྐུ་འདྲ་ཡིན་འདུག་པ་དང་། ཁོང་གིས་སྔར་ཁ་ཆེའི་རྒྱལ་རྒྱུད་རྣམས་དང་འཐབ་ནས། མངའ་སྡེ་མ་ཧཱ་ར་ཤྲི་ཊིའི་ནུབ་ཕྱོགས་སུ་ཧིན་རྡུ་ཡི་རྒྱལ་ཁམས་ཟུར་དུ་དབང་འཛིན་བྱས་ཡོད་འདུག
སྐུ་འདྲ་དེའི་འགྲོ་སོང་ཨ་སྒོར་ས་ཡ་༥༣༠ རྩིས་བརྒྱབ་འདུག་པ་དང་། ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རང་དབང་གི་སྐུ་འདྲ་ལས་ལྡབ་གཉིས་ཀྱིས་ཆེ་བ་དང་། བྷེ་ར་ཛེལ་གྱི་རྒྱལ་ས་རིའུ་ལ་ཡོད་པའི་ཡེ་ཤུའི་སྐུ་འདྲ་ལས་ལྡབ་ལྔ་ཡིས་མཐོ་བར་བཟོ་རྒྱུ་ཡིན་འདུག
ཉེ་ཆར་རྒྱ་གར་གྱི་སྲིད་བློན་མོ་ཌི་ཡིས་སྐུ་འདྲ་དེའི་འཛུགས་བསྐྲུན་གྱི་དབུ་འབྱེད་བྱས་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱལ་པོ་ཤཱི་ཝ་ཇིས་འཐབ་རྩོད་ཀྱི་ཁྲོད་དུ། འཛིན་སྐྱོང་ལེགས་པོ་བྱས་ཡོད་པས། ཁོང་གི་གཤིས་སྤྱོད་ཀྱི་ཕྱོགས་མང་པོ་ཞིག་གིས་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
འོན་ཀྱང་ཟླ་འདིའི་ཚེས་༢༤ ཉིན་གྱི་སྔོན་ལ་མི་མང་༢༧,༠༠༠ ཙམ་གྱིས་མངའ་སྡེའི་གཞུང་གིས་དངུལ་དེ་དག མངའ་སྡེའི་ནང་རྨང་གཞིའི་འཛུགས་བསྐྲུན་འཕེལ་རྒྱས་ལ་འགྲོ་སོང་གཏོང་དགོས་པའི་ཞུ་གཏུགས་ཐོག་མིང་བཏགས་བཀོད་ཡོད་འདུག་པ་དང་། དེའི་ནང་དུ་དངུལ་དེ་དག་ཆུད་ཟོས་སུ་འགྲོ་རྒྱུ་ཡིན་པ་མ་ཟད། སྐུ་འདྲ་དེས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་རྒྱུ། དེ་བཞིན་ལྷོ་མུམ་བྷའི་འགྲིམ་འགྲུལ་གྱི་གནས་སྟངས་ལ་གནོད་སྐྱོན། མཚོའི་སེམས་ཅན་དང་ཉ་པ་ཚོར་གནོད་སྐྱོན་ཐེབས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་སྐུ་འདྲ་དེ་འཛུགས་བསྐྲུན་བྱ་ཡུལ་དེ་ནི་ཉ་འཛིན་ཡུལ་ལྟེ་བ་ཞིག་ཡིན་འདུག་པས། ཉ་པ་ལྔ་བཅུ་ལས་མང་བས་ངོ་རྒོལ་བྱས་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
རྒྱལ་པོ་ཤཱི་ཝ་ཇི་ནི་མངའ་སྡེ་དེའི་ནང་མི་མང་པོས་གུས་རྩི་བྱེད་ཀྱི་ཡོད་འདུག་པས། མུམ་བྷའི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་དང་གནམ་ཐང་ལྟེ་བ་གཉིས་ཁོང་གི་མིང་དུ་བཏགས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།