རྒྱ་གར་ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་དོན་མཚམས་འཇོག་བྱེད་དགོས་ཁེལ་འདུག
རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཆེ་ཤོས་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་རྒྱ་གར་ལས་ཁུངས་ཀྱིས། རྒྱ་གར་དབུས་གཞུང་གིས་འཁོན་ལན་ལ་བརྟེན་ནས་བློ་ཕམ་དང་བཅས་རྒྱ་གར་ནང་དུ་ལས་དོན་མཚམས་འཇོག་བྱེད་དགོས་ཁེལ་ཡོད་སྐོར་བསྒྲགས་འདུག
ཟླ་༩ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་༧༠ ལྷག་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་གར་གྱི་ཡན་ལག་ལས་ཁུངས་ཀྱིས། རྒྱ་གར་དབུས་གཞུང་གིས་ལས་ཁུངས་དེའི་དངུལ་ཁང་བཀག་འགོག་བྱས་རྐྱེན་ལས་དོན་སྤེལ་ཐབས་མེད་པ་ཆགས་ནས། རྒྱ་གར་ནང་དུ་ལས་དོན་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
རྒྱ་གར་གྱི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉམས་ཞིབ་དང་ཞུ་གཏུག སྲིད་བྱུས་བཅས་ཀྱི་འགན་འཛིན་རཱ་ཇཌ་ཀཱོ་སེ་ལཱ་ཡིས། རྒྱ་གར་དབུས་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཚོགས་པ་དེར་བསུན་གཙེར་དང་བརྙས་བཅོས། གཏོར་སྐྱོན་སོགས་གཏོང་བཞིན་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ཚོགས་པ་དེའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་ཆེ་བར་དྲག་རྒོལ་གྱི་གནད་དོན་དང་། ཇཱ་མུ་དང་ཀ་ཤི་མིར་གྱི་མི་མང་གི་སྨྲ་བརྗོད་རང་དབང་བཀག་ཐོག་སྙན་ཐོ་དང་ལས་དོན་སྤེལ་རྐྱེན་ཡིན་པ། རྒྱལ་སྤྱིའི་ནང་རྒྱལ་ཁབ་༧༠ ལས་མང་བར་ཚོགས་པ་དེས་ལས་དོན་སྤེལ་གྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་༢༠༡༦ ལོར་གཅིག་པུར་ཨུ་རུ་སུར་བཙན་དབང་ཐོག་ནས་ལས་དོན་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པ། ཐེངས་འདིར་རྒྱ་གར་ནང་ལས་དོན་མཚམས་འཇོག་བྱེད་དགོས་ཁེལ་བ་དེས་བརྡ་ལན་ཡག་པོ་སྤྲོད་ཀྱི་མེད་པས། འཛམ་གླིང་མི་མང་གིས་དོ་སྣང་དང་སེམས་ཁུར་བྱེད་པའི་རེ་བ་ཡོད་པ། ཁོ་ཚོས་བློ་ཕམ་ངང་ལས་དོན་མཚམས་འཇོག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཟླ་བ་སྔོན་མར་ཚོགས་པ་དེའི་སྤེལ་བའི་སྙན་ཐོའི་ནང་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་ཟླ་༢ པའི་ནང་ཁ་ཆེ་དང་ཧིན་རྡུ་བར་གྱི་འཁྲུག་ཟིང་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་སྐོར་བརྗོད་འདུག་པ་དང་། དེ་བཞིན་རྒྱ་གར་གྱི་ཀ་ཤི་མིར་མངའ་སྡེའི་རང་སྐྱོང་གནས་བབ་ཕྱིར་བསྡུ་བྱས་ནས་ལོ་གཅིག་འཁོར་བའི་ཉིན་མོར། ཚོགས་པ་དེས་བཀག་ཉར་འོག་ཡོད་པའི་ཁུལ་དེའི་སྲིད་དོན་མི་སྣ་དང་ལས་འགུལ་བ། གསར་འགོད་རྣམས་གློད་གྲོལ་གཏོང་བ་དང་། མྱུར་ཚད་ལྡན་པའི་དྲ་རྒྱའི་ཆ་རྐྱེན་བསྐྱར་དུ་འགོ་འཛུགས་བྱེད་པའི་དགོས་འདུན་བཏོན་འདུག དེ་བཞིན་ཕྱི་ལོ་༢༠༡༩ ལོར་ཚོགས་པ་དེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཆུང་མདུན་དུ། རྒྱ་གར་གཞུང་གིས་ཀ་ཤི་མིར་གང་བྱུང་འཛིན་བཟུང་བཀག་ཉར་དང་། མནར་གཅོད་སྡུག་སྦྱོང་ཚབས་ཆེན་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་བདེན་དཔང་ར་སྤྲོད་བྱས་ཡོད་པ་རེད་འདུག
ཕྱི་ལོ་༢༠༡༨ ལོར་ཚོགས་པ་དེའི་ལས་ཁུངས་ལ་དཔལ་འབྱོར་གྱི་ཁྲིམས་འགལ་ལས་དོན་བྱས་ཡོད་སྐོར་བརྗོད་ནས་གློ་བུར་བསྔོགས་བཤེར་བྱས་འདུག་པ་དང་། ལས་ཁང་དེའི་དངུལ་ཁང་བཀག་འགོག་བྱས་ཡོད་འདུག རྗེས་སུ་ཁྲིམས་ཁང་གིས་ཐེ་བྱུས་བྱས་ཏེ་དངུལ་ཁང་བེད་སྤྱོད་བྱེད་ཐུབ་པ་བྱུང་འདུག དེ་བཞིན་ཕྱི་ལོ་༢༠༡༩ ལོར་རྒྱ་གར་གྱི་ཁྲལ་བསྡུ་ལས་ཁང་གིས། ཚོགས་པ་དེར་ཞལ་འདེབས་སྤྲོད་མཁན་མང་པོ་ཞིག་ལ་ཡི་གེ་བཏང་ཡོད་པ་རེད་འདུག
ཚོགས་པ་དེར་ད་ཡོད་ཀྱི་དབུས་གཞུང་འཛིན་ཚོགས་པ་ཙམ་མ་ཡིན་པར། ཕྱི་ལོ་༢༠༠༩ ལོར་ཀོང་རི་སེ་ཚོགས་པས་གཞུང་འཛིན་བྱེད་བཞིན་པའི་སྐབས་སུ་ཡང་། ཚོགས་པ་དེར་ཕྱི་རྒྱལ་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་མ་སྤྲད་རྐྱེན་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།