རྒྱ་གར་ནང་ཧུ་ཝེ་ཚོང་ལས་ཁང་ལ་དགག་བྱ་མི་འདུག
ཨ་རི་གཙོས་པས་མཐུན་ཕྱོགས་རྒྱལ་ཁབ་ཁག་ནང་། རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་གི་ཁ་པར་དང་ཁ་པར་ཡོ་ཆས་ཀྱི་ཚོང་ལས་ཁང་ཧུ་ཝེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཡོད་སྐོར་བརྗོད་ནས། བཀག་འགོག་བྱེད་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་གར་ནང་དུ་དགག་བྱ་དེ་འདྲ་མེད་སྐོར་ཧུ་ཝེ་ཚོང་ལས་ཁང་གི་མཐོ་རིམ་ལས་བྱེད་གཅིག་གིས་བརྗོད་འདུག
ཟླ་༢ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་ནང་ཁ་པར་འབྲེལ་མཐུད་ཚོང་ལས་ཁང་ཆེ་ཤོས་ཀྱི་གྲས་ཧུ་ཝེ་(HUAWEI) ཡི་རྒྱ་གར་ཡན་ལག་གི་སྤྱི་ཁྱབ་འགན་འཛིན་ཇཱེ་ཆན་གྱིས། ཁོང་གིས་རྒྱ་གར་གཞུང་དང་འབྲེལ་བ་ཐེངས་མང་བྱས་པ་བརྒྱུད། སུ་གང་གིས་ཚོང་ལས་ཁང་དེ་ལ་དགག་བྱ་ཡོད་པ་བརྗོད་མེད་སྐོར་བརྗོད་འདུག་པ་དང་། ཕྱི་ལོ་༢༠༢༠ ལོ་ཡི་སྔོན་དུ་རྒྱ་གར་ནང་དུ་བརྡ་རྟགས་ཚད་རིམ་༥ པ་ཅན་གྱི་ཁ་པར་འགྲེམས་སྤེལ་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག
དེ་ཡང་ཨ་རི་གཙོས་པས་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་ཧུ་ཝེ་ཁ་པར་དང་ཁ་པར་ཡོ་ཆས་རྣམས་བེད་སྤྱད་ནས། རྒྱལ་ཁབ་གཞན་ནང་དུ་སོ་ལྟ་བྱེད་པའི་ཉེན་ཁ་ཡོད་སྐོར་བརྗོད་ནས། རྒྱལ་ཁབ་དེ་དག་ནང་དུ་བརྡ་རྟགས་ཚད་རིམ་༥ ཅན་ཆེད་དུ། ཚོང་ལས་ཁང་དེའི་ཁ་པར་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཚབས་ཡོད་པའི་ཉེས་འཛུགས་དེར་ཚོང་ལས་ཁང་དེས་ཁས་ལེན་མ་བྱས་པར། ཚོང་ལས་ཁང་དེ་བཀག་འགོག་བྱེད་དགོས་དོན་ནི་སྲིད་དོན་གྱི་རྒྱུ་མཚན་ལ་བརྟེན་ནས་འགན་ཁུར་མེད་པའི་ཐག་གཅོད་ཅིག་ཡིན་སྐོར་བརྗོད་ཡོད་པ་རེད།
ལོ་སྔོན་མར་ངོ་དེབ་ཚོང་ལས་ཁང་གིས་རྒྱ་ནག་གི་གློག་ཆས་ཚོང་ལས་ཁང་བཞི་ལ། ངོ་དེབ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ཕྱིར་ཐོན་ནས་ངོས་ལེན་བྱས་འདུག་པ་དང་། དེའི་ནང་ཚོང་ལས་ཁང་གཅིག་ནི་ཧུ་ཝེ་ཚོང་ལས་ཁང་ཡིན་པ་རེད། གནས་ཚུལ་དེ་མ་ཐོན་པའི་སྔོན་དུ་ཚོང་ལས་ཁང་དེས་ཨ་རིའི་ཁ་པར་ཚོང་ལས་ཁང་ཞིག་ཉོ་ཐབས་བྱེད་སྐབས། ཨ་རི་གཞུང་གིས་བཀག་འགོག་བྱས་ཏེ་ལམ་ལྷོང་བྱུང་མེད་པ་རེད།
ལོ་སྔོན་མར་ཧུ་ཝེ་ཚོང་ལས་ཁང་གིས་རྒྱ་གར་གཞུང་གིས་ཚོང་ལས་ཁང་དེར། བརྡ་རྟགས་ཚད་རིམ་༥ པ་དེ་ཚོང་ལས་ཁང་དེའི་ཁ་པར་ནང་བཀོལ་སྤྱོད་བྱེད་ཐུབ་མིན་གྱི་ཚོད་ལྟ་ཆེད་སྐད་བཏང་སྐོར་བརྗོད་འདུག་ཀྱང་། རྒྱ་གར་གྱི་ཁ་པར་འབྲེལ་མཐུད་ལས་ཁང་གི་མགྲིན་ཚབ་པས། ད་ལྟའི་ཆར་རྒྱ་གར་ནང་བརྡ་རྟགས་༥ ཅན་གྱི་ཁ་པར་ཁྲོམ་རའི་ནང་། ཧུ་ཝེ་ཁ་པར་འགྲེམས་སྤེལ་བྱེད་བཅུག་མིན་ཐད་མཐའ་མའི་ཐག་གཅོད་བྱེད་རྒྱུ་ཡིན་པས། གནད་དོན་དེ་ནི་དུས་ཚོད་དང་བསྟུན་ནས་ཐག་གཅོད་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་གར་དེ་རྒྱལ་སྤྱིའི་ནང་ཁ་པར་དང་དྲ་རྒྱའི་ཁྲོམ་ར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས། རྒྱལ་སྤྱིའི་ཁ་པར་དང་དྲ་རྒྱའི་ཚོང་ལས་ཁང་མང་པོ་ཞིག་གིས། ཁྲོམ་ར་དེའི་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་དུ་འཛིན་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།