རྒྱ་གར་ནི་ཡུ་རོབ་ལ་ནུས་ཤུགས་ཐོན་ཁུངས་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་སུ་འགྱུར་བཞིན་ཡོད་འདུག

ཕྱི་ཟླ་༤ ཚེས་༣༠ ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་ནུས་ཤུགས་ཐོན་ཁུངས་ཉོས་ནས་ཡུ་རོབ་ལ་བཙོང་གི་ཡོད་པར་བརྟེན། ད་ལྟའི་ཆར་རྒྱ་གར་ནི་ཡུ་རོབ་ལ་ནུས་ཤུགས་ཐོན་ཁུངས་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་སུ་འགྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཉམས་ཞིབ་ཁང་ཀེ་ཕོ་ལོར་(Kpler) ཞེས་པའི་ལྟེ་གནས་ཁང་གིས་གྲངས་ཐོ་བཏོན་གསལ་ལྟར་ན། ཟླ་བ་འདིའི་ནང་རྒྱ་གར་ནི་ཡུ་རོབ་ལ་ནུས་ཤུགས་ཐོན་ཁུངས་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་དེ་གྱུར་ཡོད་པ་དང། དེ་དང་མཉམ་དུ་ཨུ་རུ་སུ་ནས་རྡོ་སྣུམ་རྗེན་མ་མང་ཤོས་ཉོ་མཁན་དེ་ཡང་རྒྱ་གར་གྱུར་ཡོད་པ་གསུངས་འདུག།

ཡུ་རོབ་གྱིས་རྒྱ་གར་ནས་རྡོ་སྣུམ་ཉོས་པའི་ཚད་གཞི་ནི་སྔར་ལས་ལྷག་པའི་ཇེ་ཆེ་ཕྱིན་ཡོད་ཅིང་དེ་ལྟར་འགྲོ་དགོས་པའི་རྒྱུ་རྐྱེན་ནི་ཨུ་རུ་སུའི་སྣུམ་བཀག་སྡོམ་བྱས་པའི་གནད་དོན་ལ་ཐུག་ཡོད་འདུག

གྲངས་ཐོ་འདི་ཡིས་ཡུ་རོབ་གྱིས་རྒྱ་གར་ནས་ཉིན་གཅིག་ནང་སྣུམ་བླུག་སྣོད་ལྕགས་མདོང་༣༦༠༠༠༠ ལས་མང་བ་སྣུམ་ཉོས་ཡོད་པ་གསལ་ཞིང་སོ་དྷི་ཨ་རབ་བྷི་ཡའི་རྒྱལ་ཁབ་ལས་མང་བ་ཉོས་ཡོད་འདུག

གནད་དོན་དེ་འདྲ་ཞིག་བྱུང་བ་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་ཕན་གནོད་གཉིས་ཀ་ཡོད་པའི་དོན་རྐྱེན་ཞིག་ཡིན་ཞིང་། དེ་སྔོན་ཨུ་རུ་སུ་ནས་ཐད་ཀར་སྣུམ་མང་ཤོས་ཉོ་མཁན་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གྱུར་ཡོད་ཀྱང་། ཕྱིས་སུ་སྣུམ་ཉོ་རྒྱུ་བཀག་སྡོམ་བྱས་པར་བརྟེན། ད་ཆར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་གདམ་ཀ་གཞན་ཞིག་དགོས་ཀྱང་ཆེས་མཐའ་མ་མོའ་སེ་ཀི་ཡི་སྣུམ་ལ་རིམ་གོང་འཕར་མ་སྤྲད་ནས་སྣུམ་ཕོན་ཆེན་ཉོ་དགོས་འབྱུང་བཞིན་ཡོད་འདུག

གནད་དོན་དེ་ཡི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་སྣུམ་དགོས་མཁོ་ཇི་ཙམ་མང་བ་ཡོད་ཀྱང་ཨུ་རུ་སུ་ནས་སྣུམ་རིན་གོང་དམའ་བོ་ཐོག་ནས་ཉོ་རྒྱུ་རག་གིན་མེད་པ་མཚོན་པ་དང་། སྣུམ་ནང་འདྲེན་ཐད་ཡོང་ཁུངས་གང་ནས་ཡོང་གི་ཡོད་པ་ཁྲོམ་རའི་ནང་དོ་སྣང་ཆེན་པོ་ཡོང་གི་ཡོད་འདུག་ལ། ཨུ་རུ་སུ་ནས་རྒྱ་གར་ལ་ཕྱི་ཟླ་༤ ནང་འབྱོར་པའི་ཉིན་རེའི་སྣུམ་གྱི་གྲངས་ཀ་ནི་ལྕགས་མདོང་ས་ཡ་གཉིས་ཡིན་ཞིང་དེ་ནི་རྒྱལ་ཡོངས་ཀྱི་སྣུམ་ནང་འདྲེན་གྱི་བརྒྱ་༤༤% ཟིན་ཡོད་པ་ཉམས་ཞིབ་ཁང་ནས་གྲངས་ཐོ་བཏོན་འདུག

ཡུག་རེན་ནང་དམག་འཁྲུག་བྱུང་རྗེས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་གར་ལ་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཨུ་རུ་སུ་ནི་རྒྱ་གར་ལ་ཕྱི་ལོ་༢༠༢༢-༢༠༢༣་བར་སྣུམ་གོང་ཚད་དམའ་བོ་ཐོག་ནས་མང་ཤོས་མཁོ་སྤྲོད་བྱེད་མཁན་གཅིག་ཆགས་ཡོད་ཅིང་། རྒྱ་གར་གྱིས་ལམ་ཕྱོགས་བརྟན་པོ་འཛིན་པའི་ཐོག་ནས་བརྗོན་དོན་ལ་རྒྱ་གར་རང་གི་ནུས་ཤུགས་ཐོན་ཁུངས་སྲུང་སྐྱོབ་ཆེད་གདམ་ཀ་གང་འདྲ་ཞིག་ཡིན་ཡང་འདེམ་རྒྱུ་ཡིན་ཞེས་བརྗོད་འདུག

འདས་པའི་ཕྱི་ཟླ་༢་པའི་ནང་ནུབ་ཕྱོགས་རྒྱལ་ཁབ་དག་ལ་སྣུམ་ལྕགས་མདོང་རེ་ལ་ཨ་སྒོར་$༦༠་རེ་བྱས་ནས་བཙོང་མིན་ལ་མ་ལྟོས་པ་ཨུ་རུ་སུ་ནི་རྒྱ་གར་ལ་སྣུམ་ཕྱིར་ཚོང་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་འདུག ཚོང་ལས་དང་བཟོ་གྲྭའི་བློན་ཆེན་ལས་ཁུངས་ནས་གྲངས་ཐོ་བཏོན་གསལ་ལ ཕྱི་ཟླ་༢ ནང་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཨ་སྒོར་ཐེར་འབུམ་$༣.༣༥་ནང་འདྲེན་བྱས་ཡོད་པ་དང་དེའི་རྗེས་སོ་དྷི་ཨ་རབ་བྷི་ཡའི་ཨ་སྒོར་ཐེར་འབུམ་$༢.༣༠་ཡིས་ཉོས་ཡོད་པ་དང་ཨི་རན་ནས་ཨ་སྒོར་ཐེར་འབུམ་$༢.༠༣་ཡིེས་ཉོས་ཡོད་འདུག

སྣུམ་གྱི་གོང་ཚད་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་གཏན་འབེབས་བྱས་ནས་ཨུ་རུ་སུའི་སྣུམ་གྱི་ཡོང་འབབ་བཀག་སྡོམ་བྱེད་ཐབས་ཆེད་ཡིན་ཞིང་། གོ་ལ་ཁྱོན་ཡོངས་ནང་གློ་བུར་དུ་སྣུམ་གྱི་གོང་ཚད་འཕར་མི་འགྲོ་བའི་ཆེད་དུ་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།