རྒྱ་གར་མ་དྷེ་པར་དྷེ་ཤི་མངའ་སྡེའི་ནང་ཆུའི་དཀའ་ངལ་ཆེན་པོ་འདུག
ཟླ་བ་འདིའི་ཚེས་༤ ཉིན་རྒྱལ་སྤྱའི་གསར་ཁང་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་མ་དྷེ་པར་དྷེ་ཤི་མངའ་སྡེའི་གྲོང་གསེབ་གུ་སེ་ཡ་ནང་ཆུ་རྣམས་སྐམ་ནས་དེ་ཁུལ་ཡུལ་མི་རྣམས་ལ་ཉིན་རེའི་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། རྒྱ་གར་གྱི་ས་ཁུལ་གཞན་ཁག་ཅིག་ལ་ཡང་དེ་ལྟར་ཆུའི་དཀའ་ངལ་ཕྲད་བཞིན་འདུག
རྒྱ་གར་གྱི་གསར་ཁང་(ANI) གིས་བཟོས་པའི་བརྙན་ཐུང་ཞིག་ནང་ཉེ་ཆར་མ་དྷེ་པར་དྷེ་ཤི་ཡི་གྲོང་གསེབ་གུ་སེ་ཡི་ནང་གི་ཁྲོན་པ་གཏིང་ཟབ་མོ་ཡོད་པ་ཞིག་ནང་དུ་བུད་མེད་ཁག་ཅིག་ཆུ་ལེན་སོང་ནས་ཁྲོན་པའི་རྩིག་ངོས་ལ་ཐག་པ་སོགས་གང་གི་ཀྱང་སྲུང་སྐྱོབ་མེད་པར་ཡར་འཛེགས་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་ནང་ཧ་ཅང་ཁྱབ་ཆེན་བྱུང་ནས་བརྙན་ཐུང་དེ་བརྒྱུད་ས་ཁུལ་དེའི་མི་རྣམས་ལ་ཆུ་ཡི་དཀའ་ངལ་ཧ་ཅང་ཕྲད་ཀྱི་ཡོད་པ་མཐོང་རྒྱུ་ཡོད་འདུག
སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ། མ་དྷི་པར་དྷེ་ཤི་གཞུང་གིས་ཡུལ་དེའི་གྲོང་གསེབ་མི་མང་ཚང་མ་ལ་༢༠༢༤ ནང་ཚུན་དུ་ཀ་ལའི་ཆུ་མཁོ་སྤྲོད་བྱེད་རྒྱུའི་མཁས་ལེན་བྱས་ཡོད་ཀྱང་། མི་ས་ཡ་མང་པོའི་ས་ལ་ད་དུང་ཡང་ཆུ་རག་ཁག་པོ་ཆགས་ཡོད་པའི་རྒྱུ་མཚན་གྱིས་གུ་སེ་ཡ་གྲོང་གསེབ་ཀྱི་མི་མང་རྣམས་ཁོང་ཁྲོ་ལངས་ནས་ད་ལོའི་འོས་ཤོག་ལ་ངོ་རྒོལ་གྱིས་འོས་བླུག་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་གསར་ཁང་(ANI) གིས་གནས་ཚུལ་སྤེལ་གསལ་། བུད་མེད་ཞིག་གིས། “ང་ཚོས་ཉིན་ལྟར་ཁྲོན་པའི་གཏིང་ནས་ཆུ་ལེན་དགོས་པ་དང་ཁྲོན་པ་གསུམ་ཙམ་གྱི་ཆུ་རྣམས་ནི་ཧ་ལམ་སྐམ་ཚར་བ་བཞིན་རེད་ལ། ས་འོག་ཆུ་འདྲེན་གཅིག་ལ་ཡང་ཆུ་ཡོད་པ་མ་རེད། གཞུང་གི་ལས་བྱེད་དང་ཆབ་སྲིད་པ་རྣམས་ནི་འོས་ཤོག་སྐབས་ཐེངས་གཅིག་ཡོང་གི་རེད། དེར་བརྟེན་ད་ཐེངས་གཞུང་གིས་ང་ཚོའི་ཆུ་ཡི་དཀའ་ངལ་མ་སེལ་བར་དུ་ང་ཚོས་འོས་བླུག་གི་མིན་”ཞེས་བརྗོད་འདུག
གོང་གསལ་བརྙན་ཐུང་དེ་སྤྱི་ཚོགས་ནང་ཧ་ཅང་ཁྱབ་ཆེན་པོ་བྱུང་ནས་རྒྱ་གར་བའི་མི་མང་པོས་མཆན་འགོད་ནང་། “གཞུང་གི་ངོས་ནས་མ་དྷེ་པར་དྷེ་ཤི་ཡི་གྲོང་གསེབ་གུ་སེ་ཡའི་མི་མང་གི་ཆུ་ཡི་དཀའ་ངལ་མགྱོགས་མྱུར་སེལ་རོགས་’’ཞེས་པའི་ནན་སྐུལ་བྱས་འདུག
རྒྱ་གར་ནི་འཛམ་གླིང་ནང་ས་འོག་ཆུ་འཐེན་མཁན་ཆེ་ཤོས་དེ་ཡིན་པ་དང་། ད་དུང་ཡང་རྒྱ་གར་བ་མང་པོ་ཞིག་གི་ཉིན་རེའི་ཆུ་བེད་སྤྱོད་བྱེད་རྒྱུ་རྣམས་ས་འོག་གི་ཆུ་ལ་བསྟེན་ནས་ཡོད་འདུག །
གསར་འགོད་པ་བདེ་སྒྲོན།